[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2019ལོའི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་པའི་འགྲན་བསྡུར་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ལྷ་སའི་རྒྱལ་སྤྱིའི་བྲག་འཛེག་མཁས་པའི་འགྲན་བསྡུར་ཚེས་10ཉིན་བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེག་ལམ་སྟོན་སློབ་གྲྭ་རུ་འགོ་ཚུགས་པ་རེད། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་བྲག་འཛེག་བདམས་ཐོན་པ་གངས་ལྗོངས་ས་མཐོར་མཉམ་འཛོམས་བྱུང་སྟེ་བྲག་རིའི་སྟེང་ཤེད་ཤུགས་ངོམ་པ་རེད།

    ཐེངས་འདིའི་འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་རི་འཛེག་མཐུན་ཚོགས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་། རི་པིན། ཨུ་རུ་སུ། ཨེ་ཁྭ་ཏོར་སོགས་རྒྱལ་ཁབ་དང་ས་ཁུལ་11གི་བདམས་ཐོན་པ་42འགྲན་བསྡུར་ལ་ཞུགས་ཡོད་པ་རེད། འཛམ་གླིང་གི་མྱུར་འཛེག་གི་ཨང་དང་པོ་ཀྲུང་གོའི་བདམས་ཐོན་པ་ཧོ་ཚུའེ་ལེན་དང་འཛམ་གླིང་བུམ་པའི་ཨང་དང་པོ་རི་པིན་གྱི་བདམས་ཐོན་པ་ཏུའུ་པུའུ་ཀུའེ་ཐའེ་སོགས་བདམས་ཐོན་པ་ཚོ་ཉིན་གཉིས་ཀྱི་དུས་ཚོད་ནང་སྐྱེས་པ་དང་བུད་མེད་ཀྱི་བྲག་འཛེག་དང་དཀའ་ཚད་ཆེ་བའི་རྣམ་གྲངས་བཞི་ལ་ཞུགས་རྒྱུ་རེད།

    ལྷ་སའི་ས་བབ་མཐོ་ཚད་སྨི་3650ཡིན་པ་དང་། ས་མཐོ་ནས་བདམས་ཐོན་པའི་གཟུགས་པོར་ཤུགས་རྐྱེན་ཕོག་པར་བསམ་གཞིག་བྱས་ཏེ་འགྲན་བསྡུར་ལ་མྱུར་ཚད་འགྲན་བསྡུར་བཀོད་སྒྲིག་བྱས་མེད། ཚེས་10ཉིན་གྱི་སྔ་དྲོར་ཐོག་མར་སྐྱེས་པ་དང་བུད་མེད་ཀྱི་དཀའ་ཚད་ཆེ་བའི་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་བྱས་པ་རེད། བདམས་ཐོན་པ་མང་པོ་ཞིག་གིས་བརྗོད་དོན། ལམ་ཐིག་བཀོད་སྒྲིག་འཚམ་པོ་བྱུང་ཡང་། ས་བབ་མཐོ་བའི་ཁོར་ཡུག་ཏུ་དབུགས་རྔུབ་གཏོང་དང་རི་འཛེག་གི་གོམ་འགྲོས་སྙོམས་སྒྲིག་བྱེད་དགོས་ཀྱི་འདུག འགྲན་བསྡུར་བྱེད་ཡུལ་དུ་སྨན་བཅོས་ཁུལ་བཀོད་སྒྲིག་བྱས་ཏེ་བདམས་ཐོན་པས་གསོ་རླུང་རྔུབ་ཆོག

    འགྲན་བསྡུར་གྱི་ལག་རྩལ་འཐུས་མི་ཀྲུང་གོ་རི་འཛེག་མཐུན་ཚོགས་བྲག་འཛེག་པུའུ་འགྲན་བསྡུར་གྱི་གཙོ་གཉེར་བ་ཝང་ཆིང་ཧྥུའུ་ཡིས་ངོ་སྤྲོད་བྱས་དོན། 2019ལོའི“རྒྱུད་གཅིག་ལམ་གཅིག”ཀྲུང་གོ་རྒྱལ་སྤྱིའི་བྲག་འཛེག་མཁས་པའི་འགྲན་བསྡུར་ལ་ཁྱོན་འགྲན་ཁུལ་4བཙུགས་ཡོད་ཅིང་། ལྷ་ས་འགྲན་ཁུལ་གཉིས་པ་ཡིན་པ་དང་དེའི་རྗེས་སུ་གཏེར་ལེན་ཁ་དང་དབན་ཤན་ཧྲན་འགྲན་ཁུལ་གཉིས་སུ་འགྲན་བསྡུར་བྱ་རྒྱུ་རེད། 2018ལོར་རྣམ་གྲངས་འདིའི་འགྲན་བསྡུར་རབ་དང་རིམ་པ་སྤེལ་འགོ་བཙུགས་པ་དང་།“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང“རྒྱུད་གཅིག་ལམ་གཅིག”གྲོས་འགོ་དང་ལེན་ཞུ་མཁན་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཀྲུང་གོར་གདན་འདྲེན་ཞུ་བའི་དམིགས་ཡུལ་ནི་བྲག་འཛེག་བརྒྱུད་རྒྱལ་ཁབ་དབར་གྱི་ལུས་རྩལ་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    “བོད་ལྗོངས་རི་འཛེག་ལུས་རྩལ་གྱི་ལོ་རྒྱུས་ཡུན་རིང་ཞིང་། བྲག་འཛེག་ནི་རི་འཛེག་ལས་བྱུང་བའི་རྣམ་གྲངས་ཤིག་ཡིན་པས། མ་འོངས་པར་བོད་ལྗོངས་དེ་བྲག་འཛེག་འགྲན་བསྡུར་སྤེལ་མང་ཤོས་ཀྱི་ས་ཁུལ་དུ་འགྱུར་བའི་ཡིད་ཆེས་ཡོད”ཅེས་འགྲན་ཞུགས་བདམས་ཐོན་པ་ཁྲུང་ཆིང་རྒྱལ་ཁབ་སྦྱོང་བརྡར་རུ་ཁག་གི་རུ་མི་མཱ་ཙི་ཏ་ཡིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།