[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པས་བོད་རང་སྐྱོང་ལྗོངས་དང་སྦྲེལ་མཐུད་བྱས་ནས་དུས་མཚམས་དང་པོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-19

    ཚེས་16ཉིན་གྱི་སྔ་དྲོ། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་སྦྲེལ་མཐུད་བྱས་པ་དང་ཆབས་ཅིག་དུས་མཚམས་དང་པོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲུའུ་ཝུའེ་ཆུན་གྱིས་རང་སྐྱོང་ལྗོངས་རིམ་པར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དང་བསམ་འཆར་དང་གྲོས་འགོ་བརྡ་ཁྱབ་བཏང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཀྲི་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧོ་ཝུན་ཧའོ་དང་། ལིའུ་ཅང་། ཁྲེན་ཡུང་ཆི། ཧྲི་མོའུ་ཅུན། བསོད་དར། ཀྲུའུ་ཡ་ཕིན། ལིའུ་ཝུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཀྲུའུ་ཝུའེ་ཆུན་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེ“འདུ་ཤེས་བཞི”ཟབ་གཏོང་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཐད་ཀར་ཞིབ་དཔྱད་བྱེད་པར་བརྩི་བ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱེད་གཞི་ནུས་ལྡན་ལ་བརྩི་བ། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ལ་ལན་སློག་པ་དང་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བའི་གསོན་ཉམས་དོད་པའི་ལག་ལེན་ལ་བརྩི་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་གལ་ཆེན་ལ་བརྩི་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད། 

    ཀྲུའུ་ཝུའེ་ཆུན་གྱིས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་རིང་། ཤེས་རྟོགས་ཐུབ་པའི་གནད་དོན་བརྡ་ཁྱབ་བཏང་བ་དང་ཆབས་ཅིག་དག་ཐེར་གྲོས་འགོ་ཡང་བཏོན་ཅིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཀའི་བྱ་ཐབས་སྔར་བས་ཁ་གསལ་བཟོས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས་ནག་སེལ་གཤེད་བཅོམ་གྱི་འགག་སྒྲོལ་དམག་འཐབ་སེམས་མཐུན་སྟོབས་སྒྲིལ་གྱིས་ཡག་པོ་རྒྱག་དགོས། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་གལ་ཆེན་མུ་མཐུད་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ནག་སེལ་གཤེད་བཅོམ་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུ་བྱ་སྤྱོད་དངོས་ལ་དངོས་འབྲེལ་འགྱུར་བ། ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ། “མི་དམངས་ལ་ཞབས་འདེགས་ཞུ་བའི”རྩ་བའི་དམིགས་ཡུལ་དོན་འཁྱོལ་ཏན་ཏིག མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན། བདེ་འཇགས་ལ་འགན་ལེན་དང་མིའི་ཐོབ་ཐང་ལ་བརྩི་འཇོག་ཡོད་པ་བཅས་བྱེད་དགོས་པ་དང་། གཉིས་ནས་མང་ཚོགས་ལ་སྐུལ་སློང་གཏིང་ཟབ་དང་ནུས་ལྡན་བྱས་ནས་ནག་གཤེད་ཕྱོགས་གཏོགས་ལ་རྣམ་གནོན་རང་བཞིན་གྱི་རྣམ་པ་ཆགས་པར་བྱེད་དགོས། དམིགས་སའི་རང་བཞིན་ཆེ་བ་དང་དངོས་ཡོད་ཕན་འབྲས་ཡག་པའི་དྲིལ་བསྒྲགས་བྱ་ཐབས་སྤྱད་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁོ་ཚོ་ནག་སེལ་གཤེད་བཅོམ་ལ་ཞུགས་པའི་ཧུར་བརྩོན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། ནག་སེལ་གཤེད་བཅོམ་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱི་གྱོད་གཞི་རྩད་གཅོད་དང་འཕྲིན་སྤེལ་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཁོ་ཚོ་རང་འགུལ་ངང་ཆེད་དོན་འཐབ་རྩོད་ལ་ཞུགས་པར་སྐུལ་སློང་བཅས་བྱས་ནས་ནག་སེལ་གཤེད་བཅོམ་གྱི་མི་དམངས་དམག་འཐབ་ཅིག་ཡག་པོ་རྒྱག་དགོས་པ། གསུམ་ནས་ནག་སེལ་གཤེད་བཅོམ་གྱི་གྱོད་གཞི་སྒྲུབ་གཉེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་རྡུང་རྡེག་གཏོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ་གཤེད་མའི་རིགས་ཚར་གཅོད་མཐར་ཕྱིན་ཐུབ་པའི་བརྩོན་ལེན་བྱེད་དགོས། “ནག་གཤེད་གྱོད་གཞི་སྤུང་གསོག་ཐེབས་རིགས་གཙང་མ་བཟོ་བ་དང་། གནད་དོན་གྱི་ཁུངས་སྣེ་གཙང་སེལ”དམིགས་ཚད་དུ་བཟུང་ནས་ནག་གཤེད་དང་འབྲེལ་བ་ཡོད་པའི་གྱོད་གཞི་གཅིག་སྡུད་འགག་སྒྲོལ་བྱས་ཏེ“ནག་གཤེད་ཉེས་གསོག་ཡིན་ཕྱིན་གཅིག་ཀྱང་ཐར་པར་མི་གཏོང་བ་དང་། ནག་གཤེད་ཉེས་གསོག་མིན་ཕྱིན་གྲངས་ཀ་ལོངས་པ་མི་བྱེད་པ”བྱེད་དགོས་པ། བཞི་ནས་ལས་རིགས་ཟང་ཟིང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལྟ་འདོམས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ལས་རིགས་ཟང་ཟིང་བཅོས་སྒྲིག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆེད་དོན་འཐབ་རྩོད་གོ་སྐབས་སུ་བཟུང་ནས་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་འཛུགས་པ་དང་། ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་ནན་དུ་གཏོང་བ། ཟང་ཟིང་ཐོན་ས་རྩད་གཅོད་གཏིང་ཟབ་བྱེད་པ། ས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཕྱོགས་བསྡུས་བཅོས་སྒྲིག་བྱ་ཐབས་ཞིབ་འཇུག་འཚོལ་ཞིབ་བཅས་བྱས་ནས་སྤྱི་ཚོགས་ཟང་ཟིང་གི་བཅོས་དཀའ་བའི་གནད་དོན་ཁག་གཅིག་གཅིག་སྡུད་ཐག་གཅོད་བྱེད་དགོས་པ། ལྔ་ནས་བོད་ཀྱི་དམིགས་བསལ་ལྗོངས་བབ་དང་ཟུང་འབྲེལ་གྱིས་ནག་སེལ་གཤེད་བཅོམ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རང་ལྗོངས་ཀྱི་ཆེད་དོན་འཐབ་རྩོད་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གནང་ཡོད་ལ། དེར་ལྷག་པའི་གནད་དོན་ཡང་གསལ་སྟོན་བྱས་པ་དང་། གནད་དོན་ཤེས་རྟོགས་ཐུབ་ཡོད་ལ། གནད་དོན་ཐག་གཅོད་བྱེད་ཐབས་ཡག་པོ་ཡང་བཏོན་ཡོད། དེ་ང་ཚོས་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ངོས་ནས་བརྗོད་ན་མཛུབ་ཁྲིད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་ནས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རྩིས་སྤྲད་པའི་གནད་དོན་དག་ཐེར་མཐར་ཕྱིན་དང་གནད་ལ་འཁེལ་བ་བྱེད་དགོས། བསམ་བློའི་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགལ་བའི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་རྩོད་སྒྲུབ་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་དང་། བོད་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ཆོས་ཉིད་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་ནག་ཚོགས་ཡོད་ཕྱིན་དེ་གཙང་སེལ་དང་། གཤེད་མ་ཡོད་ཕྱིན་དེ་ཚར་གཅོད། ཟང་ཟིང་ཡོད་ཕྱིན་དེ་བཅོས་སྒྲིག་བཅས་མཐའ་འཁྱོངས་བྱེད་དགོས། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བསྟན་པའི་གནད་དོན་རེ་རེ་བཞིན་ཞིབ་འཇུག་གསེད་བཀྲོལ་བྱེད་པ་དང་དག་ཐེར་གྱི་རྩིས་ཁྲ་བཟོ་བ་དང་། དག་ཐེར་གྱི་གསལ་ཐོ་བཟོ་བ། དག་ཐེར་གྱི་ཇུས་གཞི་འགོད་པ། དག་ཐེར་གྱི་དམིགས་ཚད་ཚད་བཅད། དག་ཐེར་གྱི་དུས་བཅད་ཁ་གསལ་བཟོ་བ། འཆར་གཞི་ཡོད་པའི་ངང་དམག་འཐབ་རྒྱག་པ། རེ་རེ་བཞིན་དག་ཐེར་ཐོ་སུབ་བཅས་བྱས་ནས་དག་ཐེར་གནད་ལ་འཁེལ་བར་བྱེད་པ་ལས་སྣང་མེད་དུ་མི་འཇོག་པའི་འགན་ལེན་བྱེད་དགོས། འགན་འཁྲི་དམ་དུ་དང་ནན་དུ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོས་འགན་འཁྲི་ཁ་གསལ་རྟོགས་པ་དང་འགན་འཁྲི་གཙང་སྒྲུབ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། བྱ་སྤྱོད་དངོས་སྤེལ་བ་དང་མཁྲེགས་སར་གཏུག་ཕོད་པ། འགན་འཁྲི་དོན་འཁྱོལ་གྱིས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཁྲལ་མངོན་སླ་བཅོས་དང་དག་ཐེར་བྱེད་ཤུགས་མི་འདང་བའི་ས་གནས་དང་། སྡེ་ཚན། མི་སྣ་བཅས་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་ཀྱི་གྲུབ་འབྲས་ཡག་པོ་སྤྱོད་པ་དང་གནད་དོན་དག་ཐེར་དམ་འཛིན་བྱེད་གཞིར་བརྩིས་ཏེ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་བཏང་ནས་ནག་གཤེད་ཕྱོགས་གཏོགས་དང་འཐབ་རྩོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཧུར་ཐག་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།