[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་ཚོས་བོད་ལྗོངས་སུ་ལྟ་སྐོར་དང་རྟོག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-19

    ཟླ་6ཚེས་10ནས་ཚེས་13ཉིན་བར། རྒྱལ་ཁབ་དང་ས་ཁུལ་37ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་160ཙམ་གྱིས་བོད་ལྗོངས་ཉིང་ཁྲི་དང་ལྷ་སར་ལྟ་སྐོར་དང་རྟོག་ཞིབ་གནང་བ་རེད།

    ཉིན་ཤས་བསྟུད་མར། ཀྲུང་ཕྱིའི་སྐུ་མགྲོན་ཚོས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོ་དང་། བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ། བྲག་ཡིབ་ཆུས་བརྒྱད་གཅིག་གྲོང་རྡལ་བྲག་ཕྱི་གྲོང་ཚོ་བཅས་ཀྱི་ཞིང་ཁྱིམ་དུ་བསྐྱོད་ནས་བོད་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དང་། ཞིང་འབྲོག་པའི་འབབ་འཕར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སོགས་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ས་ཆ་རེར་སླེབས་རིམ་བཞིན་ཁོང་ཚོས་ཞིབ་ཕྲའི་ངང་གཟིགས་པ་དང་། སྐད་ཆ་ཧུར་ཐག་འདྲི་བ། ཟིན་ཐོ་ནན་པོ་འགོད་པ་བཅས་གནང་བ་མ་ཟད། ཉེ་བའི་ལོ་ཤས་རིང་བོད་ཀྱི་གྲོང་གསེབ་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཡང་ཡང་གནང་བ་རེད།

    སྐུ་མགྲོན་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ལྷག་ཙམ་རིང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་191འཕར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1965ལོ་ལས་ལྡབ་73དང་ལྡབ་105སོ་སོར་འཕར་བ་དེ་དག་ཚང་མ་ནི་ཧང་སངས་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ཡིན་པའི་ངོས་འཛིན་གནང་བ་རེད།

    ཝེ་ཐེ་ནམ་གྱི་གཞོན་ནུ་རྒྱ་རིག་པ་མཁས་ཅན་ཀྲང་ཅ་ཆོན་གྱིས“ད་ཆའི་བོད་ལྗོངས་འདི་ཉིད་དེ་སྔ་ངས་ཤེས་རྟོགས་ཐུབ་པ་དང་གཅིག་པ་རེད་མི་འདུག འཕེལ་རྒྱས་ཡག་པོ་བྱུང་འདུག ངས་མོན་པ་གྲོང་ཚོ་དང་བྲག་ཕྱི་གྲོང་ཚོར་ལྟ་སྐོར་བྱེད་སྐབས་གྲོང་མི་ཚོ་ཧ་ཅང་ཕྱུག་པོ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། འཕེལ་རྒྱས་གཏོང་སྟངས་ཧ་ཅང་ཡག་པོ་ཞིག་འདུག་པ་དེ་ནི་སྣོད་བཅུད་ཡུལ་སྐོར་སོགས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་ལས་གྲོང་མི་ཚོ་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་ཕ་ཡུལ་དང་ཁ་བྲལ་ཏེ་གྲོང་ཁྱེར་ཆེ་མོར་གླ་པར་སྐྱོད་མི་དགོས་པ་དེ་རེད། དེ་དག་ནི་རྒྱལ་ཁབ་གཞན་གྱིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད་འདུག”ཅེས་བཤད།

    འཇར་མན་ནས་ཡོང་བའི་པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་འབུམ་རམས་པ་ཏ་ཝུའེ·པ་ཐོ་ཧྲེ་ཡིས“བོད་དུ་ཡོང་ཐེངས་དང་པོ་ཡིན་པས་བྲག་ཕྱི་གྲོང་ཚོར་འབྱོར་སྐབས་གྲོང་ཚོའི་འཕེལ་རྒྱས་ལས་ཧང་སངས་བྱུང་། ཁོང་ཚོའི་འཚོ་བ་ཕྱུག་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་། དེའི་ཐད་ཀྲུང་གོའི་བློ་རིག་ཧ་ཅང་བཀྲ་བ་དང་སྲོལ་རྒྱུན་གྱི་བསམ་བློ་དང་རིག་གནས་ལ་བརྟེན་ནས་ཐོན་ལས་གསར་པ་འཕེལ་རྒྱས་བཏང་བ་དཔེར་ན། སྣོད་བཅུད་དང་། དམངས་སྲོལ་ཡུལ་སྐོར་སོགས་ཐོན་ལས་ལྟ་བུའོ། དེས་ས་གནས་དེ་གའི་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད། གྲོང་མི་ཚོ་འཚོ་བ་སྔར་བས་ལེགས་པ་སྐྱེལ་རྒྱུ་བྱུང་ཡོད”ཅེས་བཤད།

    དབྱི་རག་ནས་ཡོང་བའི་ཅིན·ཨའེ་ཙེ་ཐེ·ལ་ཞི་ཏེ་ཡིས་གསར་འགོད་པར། “འདི་གའི་གྲོང་གསེབ་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་ཚང་མ་ཡག་པོ་འདུག་ལ་ཁོང་ཚོ་ཚང་མ་སེམས་རྩའང་འཁོལ་པོ་འདུག འདི་གར་འཕེལ་རྒྱས་མྱུར་པོ་བྱུང་འདུག་པས་ངས་འཕེལ་རྒྱས་གཏོང་སྟངས་ང་ཚོའི་དབྱི་རག་ཏུ་སྤྱོད་རེ་བྱེད་ཀྱི་ཡོད། གཞན་ཡང་ང་རང་ཁོང་ཚོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་ཇ་ལོ་དེར་ཧ་ཅང་དགའ་པོ་ཡོད”ཅེས་བཤད།

    མེ་འཁོར་མགྱོགས་པོ་སྐྱོད་ཐུབ་མིན་དེ་མེ་འཁོར་གྱི་མགོ་ལ་བརྟེན་དགོས། ཀྲུང་གོའི་གྲོང་གསེབ་ཞིབ་འཇུག་གི་ཉམས་མྱོང་ལོ་བཅུ་གྲངས་ལྡན་པའི་ཨ་རིའི་ཁ་ཐེ་ལྟེ་གནས་ཀྱི་ཀྲུང་གོའི་རྣམ་གྲངས་ཀྱི་ཀྲུའུ་རེན་ལིའུ་ཡ་ཝུའེ་ཡིས“རྟོག་ཞིབ་བྱས་པ་ལས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཡང་སྒོས་སུ་བོད་དུ་དེ་བས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་གཞི་རིམ་དུ་སྟོབས་ཤུགས་ཆེན་པོ་བཏོན་ཡོད”ཅེས་བཤད།

    རྟོག་ཞིབ་གནང་རིང་དུས་ཚོད་ཛ་དྲག་མོད། འོན་ཀྱང་ཀྲུང་ཕྱིའི་སྐུ་མགྲོན་ཚོས་བོད་ལ་བཅངས་པའི་སྤྲོ་སེམས་ཉམས་མེད། ཁོང་ཚོས་ས་མཐོའི་བརྗིད་ཆགས་ཉམས་དགའི་མཛེས་ལྗོངས་དང་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཉམས་སུ་མྱོང་བ་དང་དུས་མཚུངས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད་པ་ཚོར་ལ་བོད་ཀྱི་གྲོང་གསེབ་ཀྱི་ཞིང་ལས་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མིག་མཐོང་ལག་འཛིན་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།