[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གི་མཛད་ཕྱོགས་སྲིད་ཇུས་ལས། དམངས་འཚོར་ཕན་པ་ཤུགས་ཆེན་ཐོབ།

    ​རང་ལྗོངས་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་ཚུལ་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ད་ཐེངས་ཀྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཡིན་པའི་ངོས་ནས་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཀྱི་ཁྲལ་ཚད་16%ནས་13%བར་བཅག་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཀྱི་ཁྲལ་ཚད་10%ནས་9%བར་བཅག་པ། རིམ་པ་དང་པོའི་ཁྲལ་ཚད་6%རྒྱུན་འཁྱོངས་བྱས་ཡོད།

    “གཅིག་གཏད་གཅིག”གི་ཞབས་འདེགས་ཞུ་ཆེད།སྲིད་ཇུས་ཕྱོགས་ཡོངས་ལ་ཁྱབ་ཐབས་བྱས་པ།

    ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་འགན་ལེན་བྱ་ཆེད། རང་ལྗོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཟུར་ཁྲིད་དང་ཁྲལ་འཇལ་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟབས་རྒྱ་ཆེའི་ཁྲལ་འཇལ་མཁན་གྱིས་སྲིད་ཇུས་ཤེས་རྟོགས་དང་ལོངས་སྤྱོད་ཐུབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲལ་འཇལ་ཞབས་ཞུའི་ཚོམས་ཆེན་གྱིས་ཁྲལ་རིན་གཉིས་གཅོག་གི་ལས་སྒོའི་ཆེད་སྤྱོད་སྐར་ཁུང་འགྲོ་ལུགས་གཉེར་མཁན་མང་ཉུང་ལ་གཞིགས་ནས་འཛུགས་པས་འགྲོ་ལུགས་གཉེར་རྒྱུ་སྟབས་བདེ་རུ་ཕྱིན་པ་དང་། ད་དུང“ཏང་ཡོན་གྱི་གདོང་ལེན་ལས་གནས”(དཔེ་སྟོན་ལས་གནས་)བཙུགས་ཏེ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐབས་བྱས་ཡོད། དེ་དང་དུས་མཚུངས། ཆ་རྐྱེན་འཛོམས་པའི་ཁྲལ་འཇལ་མཁན་གྱིས་སྲིད་ཇུས་ཀྱི་གཏན་འབེབས་དང་བཀོལ་སྤྱོད་བླང་བྱ་ཁོང་དུ་ཆུད་རྒྱུར་རོགས་རམ་བྱས་ནས་དུས་ཐོག་ཏུ་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སྤྱོད་ཐུབ་ཕྱིར་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་རིགས་ཁག་གི་གསོ་སྦྱོང་ཧུར་ཐག་བྱས་པ་དང་འབྲེལ། ལས་སྒོའི་རྐང་འཛིན་པར“གཅིག་གཏད་གཅིག”གི་ཟུར་ཁྲིད་བྱས་ཡོད།

    དམངས་འཚོ་ལེགས་སུ་གཏོང་ཆེད།ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ།

    གླེང་རིན་ཡོད་པ་ཞིག་ལ། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་གཙོ་གནད་ཚོགས་སྤྱི་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་ལས་ཞུགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལ་དམིགས་ནས་རང་ལྗོངས་ཀྱིས་འཕྲི་གཅོག་གི་ཚད་གཞི་མཐོ་རུ་བཏང་སྟེ། ཆ་རྐྱེན་དང་མཐུན་པར་བཅད་གྲངས་མི་འདྲ་བ་གཞིར་བཟུང་། ཁེ་ལས་དེའི་ལོ་འདི་གའི་དངོས་སུ་འཇལ་བའི་གནས་ཐང་འཕར་ཁྲལ་དང་། གྲོང་ཁྱེར་སྲུང་འཛིན་གྱི་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་གྱི་ཟུར་སྣོན་རིན་ཐང་། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་རིན་ཐང་། མི་སྒེར་གྱི་ཐོབ་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ་སོགས་གཅིག་རྗེས་གཉིས་མཐུད་ངང་འཕྲི་གཅོག་བྱས་པ་རེད།

    མི་སེར་དཀྱུས་མ་དང་འབྲེལ་བའི་ཁྲལ་རིན་གཉིས་གཅོག་གི་གཟིགས་སྐྱོང་སྲིད་ཇུས་ཐད། གསར་འགོད་པར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་སྲིད་གཞུང་རང་བཞིན་གྱི་གྲོན་བསྡུ་དང་ཚོང་གཉེར་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ་སྔར་བས་དམའ་རུ་བཏང་ནས་གྲོང་མི་དང་ཁེ་ལས་ཀྱི་གློག་རིན་དམའ་རུ་བཏང་བ་རེད། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་གྲོན་དངུལ་ཉུང་འཕྲིའམ་རྩ་ཆག་གཏོང་རྒྱུ་དང་། ཁེ་བེད་བདག་ཐོབ་འདུན་ཞུའི་གྲོན་དངུལ་དང་ལོའི་གྲོན་དངུལ་སོགས་དམའ་རུ་གཏོང་བའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ། སྒེར་དོན་དབང་གིས་མཐའ་མཚམས་འགྲོ་འོང་གི་རྒྱལ་གྲོལ་ལམ་ཡིག་དང་ཚོང་རྟགས་ཁག་གཅིག་ཐོ་འགོད་ཀྱི་གྲོན་བསྡུའི་ཚད་གཞི་དམའ་རུ་གཏོང་རྒྱུ་རེད།

    བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ།ལས་ཀའི་རྣམ་པ་གསར་པ་བཏོད་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར། རང་ལྗོངས་སུ་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར་128མང་དུ་ཕྱིན་ནས་2018ལོར་ཞིབ་གཏན་འཁེལ་བའི་སྲིད་གཞུང་གི་བུ་ལོན་བཅད་གྲངས་ལས་སྒོར་དུང་ཕྱུར་98མང་དུ་ཕྱིན་པ་དང་ལྡབ་3.27འཕར་ཡོད་པ་རེད། དེའི་ནང་སྤྱིར་བཏང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར་121མང་དུ་གཏོང་རྒྱུ་བཀོད་སྒྲིག་བྱས་ནས་རང་ལྗོངས་ལ་རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་ནས་གཏན་ཁེལ་བྱས་པའི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་འགན་ལེགས་གྲུབ་ལ་རྒྱབ་སྐྱོར་བྱས་ཏེ་རང་ལྗོངས་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་སྒྲུབ་རྒྱུར་འགན་ལེན་བརྟན་པོ་བྱས་པ་རེད།

    རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དངོས་ཟོག་དང་ངལ་ནུས་དཔྱ་ཁྲལ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ལུང་གིས་ཁྲལ་རིན་གཉིས་གཅོག་གི་སྒྱུར་བཅོས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་བོད་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་སྲིད་ཇུས་སྦྲེལ་མཐུད་དང་། མ་ལག་རིམ་སྤོར། མཁྲེགས་ཆས་འགན་ལེན། དྲིལ་བསྒྲགས་ཟུར་ཁྲིད། ཁྲལ་འཇལ་ཞབས་ཞུ། ལྟ་སྐུལ་སློབ་སྟོན་ཞིབ་བཤེར་སོགས་ནས་འགོ་བཙུགས་ཏེ་ལས་ཡུན་ལྡོག་སྒྲིག་དང་། ཚད་གཞི་དང་བསྡུར་ནས་ལས་དོན་སྤེལ་བ། ཏན་ཏན་ཏིག་ཏིག མཁྲེགས་སར་གཏུག་ཕོད་པ་བཅས་བྱས་ནས་ཁྲལ་རིན་གཉིས་གཅོག་སྲིད་ཇུས་རང་ལྗོངས་སུ་དོན་འཁྱོལ་དང་སྒྱུར་བཅོས་ཀྱི་ཕན་པ་ལོངས་སུ་གང་ལེགས་སྤྱོད་ཐུབ་པ་བྱས་ནས་ཁེ་ལས་དང་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།