[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་བརྟན་པོ་སྤོས་པ།

    —— གཞིས་རྩེ་གྲོང་ཁྱེར་གྱི་དབུལ་ཞྭ་ཕུད་པའི་རྫོང་གི་འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    གྲོ་མོ་རྫོང་དང་། པ་སྣམ་རྫོང་། གཉའ་ནང་རྫོང་། ཁང་དམར་རྫོང་། གཏིང་སྐྱེས་རྫོང་། སྐྱིད་གྲོང་རྫོང་སོགས་རྫོང་དབུལ་པོ་རེ་རེ་བཞིན་གྱི་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་དང་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁའི་གཏམ་བཟང་རེ་རེ་བཞིན་ཁྱབ། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་དོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་ལྟ་འདོམས་བྱེད་མཚམས་མི་འཇོག་པ་བཅས་མདོར་ན་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་དེ་ལས་མཇུག་འགྲིལ་བ་ཙམ་མིན་པར་འགོ་འཛུགས་ས་གསར་པ་ཞིག་ཡིན།

    བརྗིད་ཉམས་ལྡན་པའི་ཇོ་མོ་གླང་མ་དང་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་དུས་སྐབས་གལ་ཆེན་རེ་རེའི་བདེན་དཔང་བྱས་ཡོད། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་དབུལ་པོ་6བར་ཉུང་དུ་ཕྱིན་པ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་516བར་ཉུང་དུ་ཕྱིན་པ། མི་འབོར་དབུལ་པོ་ཁྲི་16.96ནས་ཁྲི་3.48བར་ཉུང་དུ་ཕྱིན་ཏེ་དབུལ་པོར་གྱུར་ཚད་25.27%ནས་5.1%བར་ཆག་པ་རེད།

    དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དབུལ་སྐྱོར་ལམ་སྲོལ་འཐུས་ཚང་བཙུགས་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགན་ལེན་ཞིག་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་རྗེས་གཞིས་རྩེ་གྲོང་ཁྱེར་གྱིས་ལམ་སྲོལ་འཐུས་ཚང་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དེ་སྔོན་སྒྲུབ་ཀྱི་ལས་ཀར་བརྩིས་ཡོད། དབུལ་ཞྭ་ཕུད་པའི་རྫོང་གི་ལག་ལེན་ལ་བལྟས་ཚེ་རྩེ་རིམ་ཇུས་འགོད་སྔོན་ལ་ལག་བསྟར་བྱེད་པ་དང་། ལམ་སྲོལ་འཐུས་ཚང་འཛུགས་རྒྱུ་གཙོ་བར་བརྩི་བ། ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྩ་བར་འཛིན་པ་བཅས་ནི་ཡོངས་ཁྱབ་ཀྱི་བྱ་ཐབས་ཤིག་ཡིན་ལ་ཐུན་མོང་གི་ཉམས་མྱོང་ཞིག་ཀྱང་རེད།

    དཔེར་ན་གཉའ་ནང་རྫོང་གིས་ལས་ཀའི་ལམ་སྲོལ་སྔོན་ལ་བཟོ་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་གིས་སྤྱི་འདོམས་ལ་དམ་འཛིན་དང་། ཤང་དང་གྲོང་རྡལ་གྱིས་དོན་འཁྱོལ་ལ་དམ་འཛིན། གྲོང་ཚོར་ལས་དོན་སྤེལ་བ། དུད་ཚང་དུ་དབུལ་སྐྱོར་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། རྫོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རྫོང་དཔོན་གྱིས་སྤྱི་ཁྱབ་བཀོད་འདོམས་དཔོན་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་པ། ལས་ཀའི་ཆེད་དོན་ཚན་ཁག་11བཙུགས་པ་བཅས་བྱས་ཏེ་རིམ་པ་བཞིན་འགན་འཁྲིའི་ཡི་གེ་བཞག་ནས་རིམ་པ་བཞིན་སྐུལ་འདེད་བཏང་བ་རེད།

    བྱེད་སྟངས་དེ་རིགས་ནི་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་ཏུ་མཐོང་མང་བ་དང་རྫོང་རིམ་པའི་ཏང་ཨུད་ནི་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིན་ཞིང། རྫོང་ཨུད་ཀྱི་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་གཅིག་འདོམས་བྱེད་པ་དང་མྱུར་ཚད་བཀོད་སྒྲིག་དང་། རྣམ་གྲངས་དོན་འཁྱོལ། མ་དངུལ་བེད་སྤྱོད། མི་སྣ་བཀོད་སྒྲིག ལག་བསྟར་ལ་སྐུལ་འདེད་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱས་ནས་མི་སྣ་དམིགས་སར་འབྱོར་བ་དང་། འགན་འཁྲི་གནད་ལ་འཁེལ་བ། ལས་དོན་དོན་ཐོག་ཏུ་འཁྱོལ་བ། ཕན་འབྲས་གནད་ལ་འཁེལ་བ་བཅས་བྱེད་ཐུབ་ཡོད། 

    གནད་སྨིན་དབུལ་སྐྱོར་གཞི་རྩའི་མཛད་ཇུས་སུ་བརྩིས་ནས་ཐབས་ལམ་གསར་པ་བཏོད་པ།

    ཟླ་5པའི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཅང་གྲོང་གསར་གྱི་རི་ཀླུང་ཀུན་སྔོ་ཐིང་ངེར་གནས། རྣམ་ཀུན་དང་འདྲ་བར་ལོ་38ལ་སླེབས་པའི་གྲོང་མི་བཀྲ་ཤིས་ཚེ་དབང་གིས་ཞོགས་པ་སྔ་པོ་ནས་བྲེལ་བརྩོན་ཆེན་པོ་བྱེད་ཅིང་། ཏང་གི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་བཀྲ་ཤིས་ཚེ་དབང་གིས་མཐའ་མཚམས་ཚོང་དོན་གྱི་ལས་ལ་གཞོལ་བ་དང་། སྔོན་ཆད་ཀྱི་ཞིང་འབྲོག་ལས་དང་བསྡུར་ཚེ་བཀྲ་ཤིས་ཚེ་དབང་གི་ཡོང་འབབ་ལྡབ་གཅིག་འཕར་ནས་ལོ་གཅིག་ལ་སྒོར་ཁྲི་6ལྷག་ཙམ་ཟིན་གྱི་ཡོད། དབུལ་སྒྲོལ་འགག་སྒྲོལ“ཞིང་ཆུ་ལེབ་གཏོང”ལྟར་མི་བྱེད་པར“གནད་སྨིན་ཐིགས་ཆུ”གཏོང་དགོས། བཀྲ་ཤིས་ཚེ་དབང་གནས་ཡུལ་སྐྱིད་གྲོང་གྲོང་རྡལ་ནི་གནའ་སྔ་མོ་ནས་ནེ་པ་ལ་དང་ཚོང་འབྲེལ་ཡོད་པ་དང་སྐྱིད་གྲོང་འགག་སྒོ་ནི་ཀྲུང་ནེའི་མཐའ་མཚམས་ཚོང་དོན་གྱི་བགྲོད་ལམ་གལ་ཆེན་ཞིག་རེད། “རི་ཁའི་འཚོ་རྟེན་རི་དང་ཆུ་ཁའི་འཚོ་རྟེན་ཆུ་ཡིན”པ་ལྟར་འགག་སྒོའི་ལེགས་ཆར་བརྟེན་ནས་སྐྱིད་གྲོང་གྲོང་རྡལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བྱས་ཏེ་དབུལ་པོ་ཆགས་རྐྱེན་འཕྱུགས་མེད་ངང་བཙལ་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱད་པ་རེད།

    མང་ཚོགས་བློ་ཡིད་ཚིམ་རྒྱུ་རྩ་བའི་ཚད་གཞིར་བྱས་ནས་ཐོབ་ཚོར་ཆེ་རུ་བཏང་བ།

    ལོ་50ལ་སོན་པའི་ཟླ་བས་སྔོན་ཆད་འབྲི་གཡག་གསོ་ཚགས་དང་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ལོར་ཡོང་འབབ་སྒོར་ཁྲི་1ཙམ་ལས་མེད། ན་ནིང་ལོ་སྟོད་དུ་ཁོང་གིས་ཁྱིམ་དུ་ཡོད་པའི་འབྲི་གཡག་དྲུག་པོ་དེ་མ་རྐང་དུ་བྱས་ནས་གྲོ་མོ་རྫོང་ཕག་རི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཞུགས་པས་ལོར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་གྱི་ཡོད། གྲོ་མོའི་ཕག་རི་གྲོང་རྡལ་དང་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པའི་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་མ་དབྱེར་གྲོང་ཚོར་ཟླ་བ་ཕུར་ཚེས་སེམས་ནང་སྤྲོ་སྣང་གིས་ཁེངས་ཏེ“མུའུ་ཁྲི་ཟིན་པའི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་བཙུགས་པ་དེས་ང་ཚོ་བཟའ་ཚོ་གཉིས་པོས་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་བྱུང”ཞེས་བརྗོད། དབུལ་སྒྲོལ་ལས་དོན་གང་འདྲ་སྒྲུབ་ཡོད་མེད་ཀྱི་གཞི་རྩའི་ཞིབ་བཤེར་གྱི་ཚད་གཞི་ནི་མང་ཚོགས་བློ་ཡིད་ཚིམ་མིན་ལ་ལྟ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྐྱོར་ལས་དོན་ངེས་པར་དུ་དངོས་སུ་སྒྲུབ་དགོས་པ་དང་། དབུལ་སྒྲོལ་བྱེད་རིང་ངེས་པར་དུ་ཏན་ཏིག་དགོས་པ། དབུལ་སྒྲོལ་འབྲས་བུ་ངེས་པར་དུ་ངོ་མ་དགོས་པ་བཅས་ལས་དབུལ་སྒྲོལ་གྱི་ཕན་འབྲས་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ལག་ལེན་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས”ཞེས་གསུངས་པ་ལྟར་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།