[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་ས་བབ་མཐོ་ཤོས་ཤང་གི་སྦྲག་སྐྱེལ་བ་ཚེ་རིང་ཆོས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ས་བབ་མཐོ་ཚད་སྨི་5373དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ཟིན་པ། མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་མཚོ་ངོས་ཀྱི་40%ལས་མེད་པ། རླུང་གནོན་ནི་ཐང་གཤོངས་ཁུལ་གྱི་ཕྱེད་ཙམ་ལས་མེད་པ་སོགས་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་སྟེ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཞེས་པ་དེ་རེད།

    སྣང་དཀར་རྩེ་རྫོང་གྲོང་ནས་ཕུ་མ་བྱང་ཐང་ཤང་བར་སྤྱི་ལེ་70དང་གྱེན་འཛེག་མཐོ་ཚད་སྨི་800ཡོད་ཅིང་། ཕུ་མ་བྱང་ཐང་ཤང་ནས་སྲིད་འཛིན་གྲོང་ཚོ་6བར་སྤྱི་ལེ་160ཡོད་པ་རེད། རྟ་དང་། རྐང་འཁོར། སྦག་སྦག་བཅས་ནས་ཟོག་སྐྱེལ་རླངས་འཁོར་ཆུང་གྲས་བར་སྦྲག་སྐྱེལ་བ་ཚེ་རིང་ཆོས་པས་འགྲོ་ལམ་དེའི་ཐོག་ལོ་14ཏག་ཏག་སྦྲག་སྐྱེལ་གྱི་ལས་ལ་གཞོལ་ཞིང་། ཁོང་གིས་ས་བབ་མཐོ་ཞིང་དཀའ་ཚེགས་ཆེ་བའི་འཛམ་གླིང་ཡང་རྩེ་གོམ་བགྲོད་ཀྱིས་འཇལ་ནས་གྲོང་ཚོ་དང་། ཤང་། རྫོང་བཅས་དབར་གྱི་འཕྲིན་ཡིག་དང་དངོས་ཟོག་ཕན་ཚུན་ཤར་གཏོང་བྱེད་པའི་སྦྲེལ་ཟམ་ཞིག་བཏོད་ཡོད།

    “འཛམ་གླིང་ཡང་རྩེའི”ཆ་འཕྲིན་ཕོ་ཉ།

    2005ལོར། ཚེ་རིང་ཆོས་པས་ལག་ནང་གི་འུར་རྡོ་བཞག་སྟེ་ཕུ་མ་བྱང་ཐང་ཤང་གི་སྦྲག་སྐྱེལ་བ་ཐོག་མ་དེ་བྱས། དུས་དེ་ནས་བཟུང་ཁོང་ནི་ཕུ་མ་བྱང་ཐང་ཤང་དང་ཕྱི་རོལ་འཇིག་རྟེན་གཉིས་འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་གལ་ཆེན་ཞིག་ཏུ་གྱུར།

    ཚེ་རིང་ཆོས་པས་ཐོག་མར་སྦྲག་སྐྱེལ་བྱེད་སྐབས་ཉིན་རེར་མང་ཤོས་ལའང་འཕྲིན་ཡིག་གཅིག་གཉིས་ཙམ་ལས་སྐྱེལ་ཐུབ་ཀྱི་མིན་འདུག མ་གཞི་ལས་འབོར་ཉུང་ཉུང་ཡིན་རུང་ལས་ཟོར་དེ་ཙམ་ཡང་པོ་མེད། ཕུ་མ་བྱང་ཐང་ཤང་ནི་འབྲོག་ལས་རྐྱང་པའི་ཤང་ཞིག་ཡིན་སྟབས་འབྲོག་པ་ཕྱུགས་འཚོ་བར་བསྐྱོད་ཚེ་འཚོལ་བདེ་པོ་མེད། འབྲོག་པ་ཁག་གཅིག་ད་དུང་ཡི་གེ་མི་ཤེས་པས་འཕྲིན་ཡིག་འབྱོར་སྐབས་ཁོང་ཚོར་ཀློག་རོགས་བྱེད་དགོས་པ་མ་ཟད། འཕྲིན་ལན་འབྲི་རོགས་ཀྱང་བྱེད་དགོས་ཀྱི་ཡོད་ཅེས་བརྗོད།

    རྒྱལ་ཁབ་ཀྱིས་ཕུ་མ་བྱང་ཐང་ཤང་ལ་གཟིགས་སྐྱོང་གནང་བའི་སྲིད་ཇུས་བཟང་པོ་རྒྱུན་ཆད་མེད་པར་དོན་འཁྱོལ་བྱས་པ་དང་བསྟུན་ནས་འབྲོག་པ་ཚོའི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ཡི་གེ་ཡང་འབྱོར་དཀའ་བའི་ལུང་ཁུག་ལ་ད་ཆ་དྲ་ཐོག་ནས་ཉོས་པའི་མྱུར་སྐྱེལ་སྦྲག་བསྐུར་རིམ་བཞིན་མང་དུ་སོང་ཡོད། ཚང་མས་བརྙན་འཕྲིན་ལྟ་བ་དང་། སྐད་འཕྲིན་གཏོང་བ། ཁྱུག་དབྱིངས་བལྟ་བ་སོགས་ཀྱི་ཐབས་ལམ་སྣ་མང་བརྒྱུད་ཕྱི་རོལ་དང་འབྲེལ་བ་བྱེད་ཀྱི་ཡོད།

    ཚེ་རིང་ཆོས་པའང་ལས་བྲེལ་ཆེ་རུ་སོང་ཞིང་། 2013ལོ་ནས་བཟུང་། ཁོང་གིས་ཡུལ་མི་ཚོར་དྲ་ཐོག་ནས་ཅ་ལག་ཉོ་སྟངས་དང་བགྲེས་སོང་ཚོར་ཕྲུ་གུ་དང་བརྙན་ལམ་བརྒྱུད་སྐད་ཆ་ཤོད་སྟངས་བསླབ་པ་མ་ཟད། དངོས་ཟོག་སྦྲག་བསྐུར་བྱེད་སྟངས་ཀྱང་སློབ་ཀྱི་ཡོད། ཚེ་རིང་ཆོས་པས“གྲོང་ཚོར་དྲ་ཐོག་ཚོང་ཁང་མགྱོགས་མྱུར་འཛུགས་རྒྱུ་ཡིན་པས་ཁོང་ཚོར་སྦྲག་བསྐུར་བྱེད་སྟངས་བསླབ་ཚེ་གྲོང་ཚོའི་ནང་གི་ཡུལ་ཟོག་བཙོངས་ཐུབ་ནས་ཡོང་འབབ་མང་དུ་གཏོང་ཐུབ”ཅེས་བརྗོད།

    ལོ་བཅུ་རྐང་ཐང་སྦྲག་སྐྱེལ་བྱེད་མཁན་ཕོ་ཉ།

    ཚེ་རིང་ཆོས་པས་ཕུ་མ་བྱང་ཐང་ཤང་གི་སྲིད་འཛིན་གྲོང་ཚོ་6ལ་བསྐྱོད་པར་ཉིན་2འགོར་གྱི་ཡོད། ཉིན་རེར་ཆ་སྙོམས་སྦྲག་སྐྱེལ་ལམ་ཐག་སྤྱི་ལེ་50ཙམ་ཟིན་པའི་ནང་ལམ་ཐག་ཕྱེད་ཀ་ནི་རྐང་ཐང་མར་འགྲོ་རྒྱུ་ལས་མ་འདས།

    ལམ་བུ་དེའི་ཐོག་ཁོང་གིས་ལོ་བཅུ་ཏག་ཏག་ཕར་འགྲོ་ཚུར་འོང་བྱས་ཡོད།

    ས་བབ་མཐོ་བའི་ས་ཁུལ་དུ་ཡུན་རིང་ལས་ཀ་བྱས་རྐྱེན་ལོ་30ལ་སླེབས་པའི་ཚེ་རིང་ཆོས་པར་གྲུམ་ནད་ཡོད་ལ་ཁྲག་ཤེས་ཀྱང་མཐོ་པོ་ཡོད། 2015ལོར་རྫོང་སྦྲག་སྲིད་ལ་ལས་སྒྱུར་བྱས་རྗེས་ཁོང་གིས་རྫོང་ནས་ཤང་བར་ཚགས་པར་དང་། སྦྲག་བསྐུར། ཐུམ་སྒྲིལ་བསྐུར་མ་བཅས་སྐྱེལ་བའི་ལས་འགན་འཁུར་གྱི་ཡོད།

    ལས་ཀ་ལོ་14བྱས་པའི་རིང་ཚེ་རིང་ཆོས་པས་ཚགས་པར་ཁྲི་148དང་། འཕྲིན་ཡིག་ཁྲི་4.1 ཐུམ་སྒྲིལ་བསྐུར་མ་ཁྲི་3.5བཅས་བསྐྱལ་བ་དང་། སྦྲག་སྐྱེལ་ལམ་ཐག་སྤྱི་ལེ་ཁྲི་30ལྷག་ཙམ་ཟིན་ནའང་སྐྱེལ་རྒྱུ་ལུས་པ་དང་སྐྱེལ་ནོར་ཤོར་བའི་གནས་ཚུལ་གཅིག་ཀྱང་ཐོན་མྱོང་མེད་པས་ཡུལ་མི་ཚོས་ཁོང་ལ་བརྩེ་བ་ཟབ་མོའི་སྒོ་ནས“རི་མཐོའི་བུ་ཕྲུག”ཅེས་བརྗོད་ཀྱི་ཡོད།

    དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་བ།

    ཉེ་ཆར། ཚེ་རིང་ཆོས་པར“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་པར་བརྟེན་ཁོང་གི་ལས་ཀའི་ངར་ཤུགས་ཀྱང་དེ་བས་ཆེ་རུ་སོང་ཞིང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་དེ་བས་ལེགས་པའི་སྒོ་ནས་ཡུལ་མི་ཚོར་བརྒྱུད་སྤྲོད་བྱ་ཆེད་ཁོང་གིས་རྒྱ་སྐད་ཉན་པ་དང་ཤོད་པ། རྒྱ་ཡིག་འབྲི་བ་བཅས་ཧུར་ཐག་བྱེད་ཀྱི་ཡོད།

    བོད་ལྗོངས་སྦྲག་སྲིད་ཀྱིས་ཞིང་འབྲོག་ཁུལ་གྱི“ཤང་ཚང་མར་སྦྲག་སྲིད་ཤར་གཏོང”ཐུབ་པའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་བོད་ཀྱི་ཤང་མན་གྱི་ཞིང་འབྲོག་ཁུལ་དུ་སྦྲག་སྲིད་ཞབས་ཞུའི་སྒྲིག་གཞི་མེད་པའི་རྣམ་པར་འགྱུར་ལྡོག་རྦད་དེ་ཕྱིན་ཡོད། 2018ལོའི་ལོ་མཇུག་བར། བོད་ལྗོངས་སྦྲག་སྲིད་ཤང་དང་གྲོང་རྡལ་100%ལ་ཁྱབ་ཡོད།

    ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག“ནམ་མཁའི་མཐའ་ལ་གནས་པའི་ཕ་ཡུལ”ཕུ་མ་བྱང་ཐང་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། འབྱུང་འགྱུར་སྐོར་གླེང་སྐབས་ཚེ་རིང་ཆོས་པས“ངས་མུ་མཐུད་འབད་བརྩོན་གྱིས་མང་ཚོགས་དེ་བས་མང་བར་རོགས་རམ་བྱས་ནས་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་བ་ཡག་པོ་ཞིག་བྱ་རྒྱུ་ཡིན”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།