[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་རྙིང་པའི་དཀའ་སྡུག་ཆེ་བའི་འཚོ་བ་ནི་ཕྱིར་མིག་ལྟ་མི་ཕོད་པ་ཞིག་རེད”

    ཡར་ལངས་ཞིང་བྲན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཐང་སྟེང་གྲོང་ཚོའི་གྲོང་མི་འཛོམས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    མི་སྣའི་རྒྱབ་ལྗོངས། 

    འཛོམས་པ། མོ། 1932ལོའི་ཟླ་བཅུ་པར་སྐྱེས། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་འཛོམས་པའི་ཁྱིམ་ལ་མི་ལྔ་ཡོད་པ་དང་། ཨ་མས་གཞིས་ཀའི་བདག་པོའི་ལས་ཀ་བྱས་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། ལོ་བརྒྱད་ལ་སླེབས་སྐབས་འཛོམས་པ་གྲགས་པ་བསྟན་འཛིན་གྱི་གཞིས་ཀར་ནང་བཟན་བྱེད་པར་བསྐྱལ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འཛོམས་པར་ཁང་པ་དང་། ས་ཞིང་། སྒོ་ཕྱུགས་བཅས་རག་ཡོད། 1962ལོར་འཛོམས་པས་ཉིང་ཁྲི་གྲོང་ཁྱེར་གོང་གྲོང་ཤང་གི་བུད་མེད་ཀྲུའུ་རེན་བྱས།

    612254_yis_1555216541000.jpg

     འདི་ནི་ཚེ་མཇུག་བདེ་ལ་རོལ་བཞིན་པའི་རྒན་མོ་འཛོམས་པ་ཡིན་པ།

    དཔྱིད་ཀྱི་གོམ་སྟབས་དང་སྦྲགས་ནས་གསར་འགོད་པ་དང་བཅས་པས་ཉིང་ཁྲི་གྲོང་ཁྱེར་མཚོ་མོ་སྐྱིད་རིའི་འགྲམ་དུ་བསྐྱོད་པ་ཡིན། དེ་གར་མཛེས་པའི་གྲོང་སྡེ་ཞིག་ཆགས་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཁང་པ་སྟར་པ་རེ་རེ་གྲལ་སྟར་འགྲིག་ལ་གཙང་སྦྲ་དོད་པ་དང་། རྒྱ་ཆེ་ཞིང་ཁོད་སྙོམས་པའི་འགྲོ་ལམ་ཐད་ཀར་དུད་ཁྱིམ་མི་རེ་ངོ་རེའི་སྒོ་རྩར་ཤར་གཏོང་ཐུབ་པ་སོགས་བརྗོད་ཀྱིས་མི་ལངས། དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ཐང་སྟེང་གྲོང་ཚོ་རེད།

    ཐང་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་ང་ཚོ་རྒྱ་ཁྱོན་སྨི་ངོས་གྲུ་300ཙམ་ཡོད་པའི་བོད་བཟོའི་ཁང་པ་ཐོག་བརྩེགས་ཉིས་ལྡན་ཞིག་ཏུ་འཁྲིད་ཅིང་། དེ་གར་སླེབས་རྗེས་ཕུར་བུ་ཚེ་རིང་གིས་ཇ་བསྲུབས་མ་བླུག་ཞོར་དུ“ངས་གྱོས་མོ་འབོད་ཡོང”ཞེས་བཤད་བྱུང་།

    སྒོ་རྩ་ནས་གོམ་སྒྲ་ཞིག་གྲགས་པ་དང་ལྷན་དུ་འཛོམས་པས་འཁར་བར་བརྟེན་ནས་ལག་ཏུ་འབུད་ཤིང་འགའ་ཁྱེར་ཏེ་ཕུར་བུ་ཚེ་རིང་ལ་སྤྲད་ནས“འདི་གར་གྲང་མོ་ཡོད་པས་ལམ་སེང་མེ་གཏོང་། ཁོང་ཚོ་འཁྱག་ཡོང”ཞེས་བཤད་སོང་།

    ཐབ་ཁའི་འགྲམ་དུ་བགྲེས་སོང་ཁོང་གིས་སྐྲ་ལ་བྱིལ་བྱིལ་བྱེད་བཞིན་དུ་ལུས་ཐོག་གི་ཐལ་རྡུལ་རྣམས་བརྡབ་ཙམ་བྱས་རྗེས་སྔར་སོང་གི་སྐོར་གླེང་འགོ་ཚུགས།

    འཛོམས་པས“དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ང་ཚོའི་ཁྱིམ་ལ་མི་ལྔ་ཡོད་པ་དང་། ཨ་མས་གཞིས་ཀའི་བདག་པོའི་ནང་ལས་བྱས་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། ལོ་བརྒྱད་ལ་སླེབས་སྐབས། ང་རང་ཨ་མའི་ཚབ་ཏུ་གྲགས་པ་བསྟན་འཛིན་གྱི་གཞིས་ཀར་ནང་བཟན་བྱེད་པར་བསྐྱལ་བྱུང་། སྐབས་དེ་དུས་གཞིས་ཀར་ཁྱོན་ནང་བཟན་དགུ་ཡོད་པའི་ནང་ང་རང་ཆུང་ཤོས་ཡིན་པས། གཙང་སྦྲ་དང་རྒྱལ་སྒོ་བསྲུང་རྒྱུ་དེ་ངའི་ལས་ཀ་རེད”ཅེས་བཤད་པ་དང་། ཁོང་གིས“ལོ་བཅུ་ལ་སླེབས་རྗེས་ནང་བཟན་གཞན་དག་དང་འདྲ་བར་ང་རང་ཡང་ཉིན་ལྟར་ནམ་མ་ལངས་གོང་ནས་ས་ཐག་རིང་པོར་འབུད་ཤིང་འཐུ་བར་འགྲོ་དགོས་པས་ས་རུབ་རྗེས་གཞི་ནས་ནང་ལ་སླེབས་ཀྱི་ཡོད”ཅེས་བཤད་བྱུང་།

    “རང་ལུས་ལ་གྱོན་པའི་ལྷམ་དང་གྱོན་ཆས་མཚན་མོ་སྔས་འགོ་དང་མལ་ཆས་བྱེད་དགོས། ཉིན་རེའི་ལྟོ་དུས་གསུམ་པོ་སྤྱིར་ན་ཐུག་པ་སླ་པོ་ཤ་སྟག་རེད། སྐབས་དེ་དུས་ང་ཚོས‘བུ་མོ་གདོང་པ་འཁྲུ་བར། རྒྱ་ནག་ཤེལ་སྒོ་མི་དགོས། གཞིས་ཀའི་ནང་གི་ཐུག་པ། ཤེལ་སྒོ་ལས་ཀྱང་དྭངས་པ’ཞེས་པའི་དམངས་གཞས་དེ་གཏོང་གི་ཡོད། ཐེངས་ཤིག་ངས་ལྟོ་ཆས་ཐོལ་པ་ཏོག་ཙམ་བཟས་རྐྱེན་ཕྱག་མཛོད་ཀྱིས་ལམ་སེང་ངའི་སྐྲ་ནས་བཟུང་སྟེ་གྱང་ལ་བརྡབ་པ་དང‘ལས་ཀ་ཕྲན་ཙམ་ལས་མ་བྱས་པར་ལྟོ་ཆས་མང་པོ་དེ་འདྲ་བཟས’ཞེས་གཤེ་གཤེ་ཚད་མེད་བཏང་བྱུང”ཞེས་ཤོད་བཞིན་པའི་མཚམས་འདིར་ཁོང་གིས་ཇ་ཧུབ་གང་བཏུངས་རྗེས་མུ་མཐུད་ནས“བོད་རྙིང་པའི་དཀའ་སྡུག་ཆེ་བའི་འཚོ་བ་ནི་ཕྱི་མིག་ལྟ་མི་ཕོད་པ་ཞིག་རེད”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    1950ལོར་འཛོམས་པ་གཉེན་སྒྲིག་བྱས། ནང་བཟན་གྱི་གནས་ལས་ཐར་ཆེད། འཛོམས་པའི་བཟའ་ཟླས་ཁྱིམ་གྱི་སྒོ་ཕྱུགས་དང་འབྲུ་རིགས་ཚང་མ་གྲགས་པ་བསྟན་འཛིན་གྱི་གཞིས་ཀར་བསྐྱལ་བ་མ་ཟད། ལོ་ལྟར་བོགས་ཁྲལ་བསྐྱལ་རྒྱུའི་ཁས་བླངས།

    “མ་གཞི་གཉེན་སྒྲིག་བྱས་ཀྱང་འཚོ་བ་སྔར་བཞིན་ཧ་ཅང་སྐྱོ་པོ་རེད། ཉི་མ་གནམ་ལ་འཆར་ཚད་ལས་ཀ་བྱས་ཀྱང་ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་མེད་པ་དང་། ཁྱིམ་ལ་འབྲུ་རིགས་མེད་པས་ཞིང་བྲན་བདག་པོའི་སར་མ་གཡར་ཀ་མེད་ལ་ཐུག་གི་ཡོད། ངས་ངེས་གསལ་ལ་ང་ཚོས་སྐབས་དེ་དུས་བྲ་བོ་རྒྱ་མ་སུམ་ཅུ་ལྷག་ཙམ་གཡར་བ་དང་སྐྱེད་ཀ་བརྩིས་ན་རྒྱ་མ་90ལྷག་ཙམ་སྤྲོད་དགོས་སྟབས། ང་ཚོ་སླར་ཡང་ཞིང་བྲན་བདག་པོ་གཞན་དག་ས་ནས་གཡར་དགོས་འཁེལ་བས་བུ་ལོན་ཡང་རིམ་གྱིས་མང་དུ་ཕྱིན་སོང”ཞེས་བཤད་བྱུང་།

    འཛོམས་པའི་ནང་མིས་ལོ་རེ་བཞིན་མང་དུ་འགྲོ་བའི་བུ་ལོན་ལ་སེམས་ཁྲལ་བྱེད་པའི་སྐབས་སུ། དམངས་གཙོའི་བཅོས་སྒྱུར་གྱི་ཤར་རླུང་ཐང་སྟེང་གྲོང་ཚོར་ལྡང་བས་འཛོམས་པའི་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཁོང་ལ་སྒོ་ཕྱུགས་ལྔ་དང་ས་ཞིང་མུའུ་ལྔ་ལྷག་ཙམ་བགོ་བཤའ་རག་པ་མ་ཟད། ད་དུང་གོང་གྲོང་ཤང་གི་ཤང་ཨུད་ཨུ་ཡོན་དང་བུད་མེད་ཀྲུའུ་རེན་ཡང་བྱས།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ཐང་སྟེང་གྲོང་ཚོར་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་འཕྱུར། བུ་མོའི་མག་པ་ཕུར་བུ་ཚེ་རིང་གིས་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར། “ངས་དང་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་སྐབས། ཁྱིམ་ལ་ལས་ཀ་བྱེད་མཁན་མེད་པས་དགོངས་པ་ཞུ་དགོས་སྙམ་བྱུང་། གྱོས་མོས་ཤེས་རྗེས་ང་ལ‘མང་ཚོགས་ཀྱིས་རང་འགོ་ཁྲིད་ལ་བདམས་པ་ནི་ཡིད་ཆེས་ཡོད་པའི་རྟགས་རེད། ངེས་པར་དུ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ལས་ཀ་ཡག་པོ་བྱས་ཏེ་ཚང་མ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས’པའི་ཁ་ཏ་ཡང་ཡང་བྱས་བྱུང”ཞེས་ཕུར་བུ་ཚེ་རིང་གིས་བཤད།

    བགྲེས་སོང་འཛོམས་པའི་སྐུལ་ལྕག་འོག ཕུར་བུ་ཚེ་རིང་གིས་ཧྲུའུ་ཅི་ལོ་34བྱས། ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཐོན་སྐྱེད་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་བཏང་བས་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་བགྲེས་སོང་འཛོམས་པའི་ཁྱིམ་དུ་ནང་མི་དྲུག་ཡོད་པ་དང་མི་རབས་བཞི་འཛོམས་ཡིན་ཞིང་། ཁྱིམ་གྱི་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་18ཙམ་ཟིན་གྱི་ཡོད་པ་རེད།

    དེ་ནས་ཁ་གྱེས་ཁར་བགྲེས་སོང་ཁོང་གིས་ང་ཚོའི་ལག་ནས་འཇུས་ཏེ“ང་ཚོ་མི་རབས་འདིའི་རྒས་འཁོགས་ཉུང་དུ་འགྲོ་བཞིན་ཡོད། ང་ཚོའི་མཐོང་ཐོས་མྱོང་གསུམ་ནི་ལོ་རྒྱུས་ཡིན་པས་མི་སུ་འདྲ་ཞིག་གིས་ཀྱང་རྩིས་མེད་དུ་གཏོང་ཐབས་བྲལ། གུང་ཁྲན་ཏང་མེད་ན་ང་ཚོའི་ད་ཆའི་བདེ་སྐྱིད་འཚོ་བ་མེད། དེ་ནི་སྟོང་གཏམ་ཞིག་མ་རེད། ང་ཚོ་ནི་ལོ་རྒྱུས་དུམ་བུ་དེ་དངོས་སུ་བརྒྱུད་མྱོང་མཁན་དང་བདེན་པའི་དཔང་པོ་ཡང་ཡིན”ཞེས་བཤད་བྱུང་། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།