[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནང་དོན་ཕུན་སུམ་ཚོགས་པའི“རིག་གནས་ལོ”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-11

    རྟ་རྒྱུག་ལ་ལྟ་བ་དང་། སྒོར་གཞས་འཁྲབ་པ། ལྷད་མོ་ལྟ་བ་སོགས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་ལ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།

    ལོ་གསར་ཚེས་གསུམ་ཉིན་ནམ་མཁའ་སྔོ་ཞིང་དྭངས་ལ་རླུང་བུ་འཇམ་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་བཅུ་ཙམ་གྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གཞིས་རྩེ་གྲོང་ཁྱེར་གྲོང་བྱང་རྒྱ་ལུང་རྟ་རྒྱུག་ཐང་དུ་འཛོམས་ནས་ལོ་བཅུ་གཉེར་མཚམས་ཆད་པའི་བསམ་གྲུབ་རྩེ་ཆུས་ཀྱི་བོད་ཀྱི་ལོ་གསར་ཚེས་གསུམ་གྱི་རྟ་རྒྱུག་དུས་ཆེན་འགོ་ཚུགས་རྒྱུ་བསྒུགས་ནས་བསྡད་ཡོད།

    རྟ་པ་ཚོའི་རྟ་རྩལ་འོག་ཅང་ཤེས་རྟ་ཕོ་མང་པོ་ཞིག་རྟ་རྒྱུག་ཐང་དུ་རླུང་ལྟར་བརྒྱུགས་ཤིང་། མྱུར་ཚད་འགྲན་བསྡུར་དང་། རྟ་ཐོག་མདའ་འཕེན། རྟ་ཐོག་ནས་ཁ་བཏགས་སྒྲུག་པ། རྟ་ཐོག་རྩལ་རྩེད་སོགས་ཀྱི་ལྟད་མོ་ཆེ་བའི་རྟ་རྒྱུག་རྣམ་གྲངས་མང་པོ་ཞིག་བོད་རིགས་ཀྱི་སྲོལ་རྒྱུན་ཉམས་འགྱུར་ལྡན་པའི“བསམ་པའི་རྒྱགས་ཕྱེ”ཞིག་དང་འདྲ་བར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བ་ཚོ་ལྟ་བས་མི་ངོམ་པ་ཞིག་བྱུང་ནས་དགའ་བསུ་ཡང་ཡང་ཞུས།

    “ལེ་ཚན་ཚང་མ་ལྟད་མོ་ཆེན་པོ་འདུག ལྷག་དོན་དུ་རྟ་ཐོག་ནས་ཁ་བཏགས་སྒྲུག་པའི་ལེ་ཚན་ལྟད་མོ་དེ་བས་ཆེ་བ་འདུག”ཅེས་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་ལོ་71ལ་སླེབས་པའི་བགྲེས་སོང་རུང་བརྩོན་གྱིས་དགའ་ཚོར་ཆེན་པོས་བརྗོད།

    ཆུ་ཚོད་ཁ་ཤས་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་ནས་ཡིན་པའི་བཀྲ་ཤིས་སྟོབས་ལགས་སོགས་རྟ་པ་གསུམ་ལ་འགྲན་བསྡུར་རྣམ་གྲངས་ཁག་ནས་འབུར་དུ་ཐོན་ཏེ་མཐའ་མའི་རྒྱལ་ཁ་ཐོབ་ཡོད།

    ཟླ་2ཚེས་8ཉིན། ཉིང་ཁྲི་གྲོང་ཁྱེར་སྦེ་པ་གྲོང་རྡལ་ལྷ་ཁ་གྲོང་ཚོར་དགའ་སྤྲོའི་རྣམ་པས་ཁེངས་པ་དང་། གྲོང་ཚོའི་ཕྱོགས་གང་ས་ཅི་ཐད་དུ་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོད་ཅིང་། ཁུལ་དེར་སྦེ་པ་གྲོང་རྡལ་ལྷ་ཁ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ”སྤེལ་བཞིན་ཡོད།

    གཉིས་ལྡན་དུད་སྦྲེལ་གྱི་འཐུས་མིས་ནང་སྦྱོང་ཞིབ་ཚགས་བྱས་པའི《ཀོང་པོའི་དམངས་ཁྲོད་ཞབས་བྲོ》འཁྲབ་ནས་རྟེན་འབྲེལ་བྱེད་སྒོ་ཧྲིལ་པོ་འགོ་ཚུགས་ཤིང་། དེ་རྗེས་བྱིས་པའི《ཀོང་པོའི་བི་ཤུའི་བྲོ》འཁྲབ་སྟོན་དང་། རྐྱང་གཞས《ཀོང་པོའི་བུ་མོ》སོགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་ལྟད་མོ་བ་ཚོས་དགའ་བསུ་ཡང་ཡང་ཞུས་པ་རེད། ལྷ་ཁ་གྲོང་ཚོའི་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་ཀྱི་ལེ་ཚན་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པར་བསྟོད་གླུ་ཕུལ་ཡོད་ལ། དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་ཞུམ་མེད་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    དཔྱིད་གསར་དུས་ཆེན་དང་བོད་ས་ཕག་ལོའི་ལོ་གསར་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་གཟབ་རྒྱས་གཉེར་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    མཚན་ཚོགས་དེ་ནི་སློབ་གྲྭ་ཆེ་མོ་བའི“གཉིས་གཏོད”ཁེ་ལས་བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་ཀུང་སིས་གཉེར་ཞིང་། “ལྷུན་རྩེའི་ལོ་རྒྱུས་གླེང་བ”དང“གསར་བརྗེའི་ལྷུན་རྩེ” “བསྐལ་པ་བཟང་བའི་མཐའ་མཚམས” “མཉམ་དུ་འབྱུང་འགྱུར་བསུ”བཅས་ཀྱི་བརྗོད་དོན་བཞིས་གཙོ་བོ་བྱས་ཏེ། ཏང་གི་ཡང་དག་པའི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་བརྩེ་བ་ཟབ་མོས་ཕྱིར་དྲན་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་རྣམ་པ་གསར་པ་མངོན་ཡོད་ལ། མཐའ་མཚམས་མི་དམངས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། བྱ་སྤྱོད་གསར་པ་སྤེལ་བ། མུ་མཐུད་ལེའུ་གསར་པ་རྩོམ་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་བཅས་ཀྱི་འགྱུར་མེད་ཆོད་སེམས་མངོན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།