[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོ་ཚོས་ལག་ཁྱེར་16ལས་རང་འབད་གཏམ་རྒྱུད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-11

    592309_yis_1549774004259_b.jpg

     འདི་ནི་བཙན་ཆུང་དང་། བཟའ་ཟླ་མཐར་རིན། བུ་མོ་ཆུང་བ་བཀྲ་ཤིས་དཔལ་མོ་བཅས་ཀྱིས་རང་ཁྱིམ་ལ་རག་པའི་ལག་ཁྱེར་སྟོན་བཞིན་པ།

    ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཏག་ཏག་འཁེལ་བའི་ཉིན་མོར་འདམ་གཞུང་རྫོང་ཚེས་བཅུ་ཐང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་གྲུམ་ནད་ཕོག་མཁན་གཅིག་སྡུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་ཀྱིས་ལོ་གསར་གཏོང་ཐེངས་གཉིས་པ་བསུས་པས་ཕྱུག་འགྱུར་སྣེ་ཁྲིད་པ་བཙན་ཆུང་གི་ཁྱིམ་ལ་སྤྲོ་བ་དེ་བས་རབ་ཏུ་འཕེལ་ཡོད།

    ཉི་འོད་སྒེའུ་ཁུང་ཆེན་པོ་བརྒྱུད་གྱང་ལྡེབས་ཀྱི་པར་རིས་ལ་འཕྲོས་པས་འོད་མདངས་རབ་ཏུ་འཚེར། སྒྲོག་ཙེའི་ཐོག་ཁ་ཟས་དང་། ཤིང་འབྲས། ཤ་སྐམ་པོ་སོགས་བཟའ་བཅའ་སྣ་མང་བཤམས་ཡོད། དེའི་ནང་ནས་མངོན་གསལ་དོད་ཤོས་ནི་རྒྱབ་ཤ་དམར་པོར་གསེར་མདོག་གི་ཡིག་འབྲུ་འཁོད་པའི“གཟེངས་བསྟོད་ལག་ཁྱེར”དང་། རྒྱབ་ཤ་ལྗང་གུར་ཡི་གེ་ནག་པོ་འཁོད་པའི“འོས་བབ་ལག་ཁྱེར”ཆེ་ཆུང་རིགས་མི་འདྲ་བ་ཁྱོན་16ཡོད་པ་དེ་དག་ཆ་སྒམ་ཐོག་གྲལ་སྟར་སྒྲིག་པོས་བཞག་ཡོད་པ་དེ་ནི་བཙན་ཆུང་ཁྱིམ་ལ་རག་པ་ཤ་སྟག་རེད།

    འདི་ལོ་ལོ་46ལ་སླེབས་པའི་བཙན་ཆུང་སློབ་གྲྭར་ལོ་ཕྱེད་ཙམ་ལས་འགྲོ་མྱོང་མེད་པས་བོད་ཡིག་ཐ་ཐོར་ཤེས་པ་ཕུད་རྒྱུན་གཏན་གྱི་རྒྱ་སྐད་འགའ་མ་གཏོགས་ཤོད་ཤེས་ཀྱི་མེད། ཁོང་དང་ཁོང་གི་ནང་མིར་ལག་ཁྱེར་མང་པོ་དེ་འདྲ་རག་དོན་ཅི་ཡིན་ནམ། གྲོང་སྡོད་ལས་བྱེད་པའི་སྐད་སྒྱུར་འོག་ཁོང་གིས་གསར་འགོད་པར་ལག་ཁྱེར་དེ་དག་གི་གཏམ་རྒྱུད་བརྗོད་བྱུང་།

    ཕྱུགས་ནད་སྨན་པའི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་ལག་ཁྱེར།

    བཙན་ཆུང་གི་གཟི་བརྗིད་ལག་ཁྱེར་ཨང་དང་པོ་དེ་ལོ་13གོང་རག་པ་ཞིག་རེད། བཙན་ཆུང་ཁྱིམ་མི་ལྔ་པོ་དེ་སྔ་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་བར་གླིང་ཤང་དུ་སྡོད་པ་དང་བཟའ་ཟླ་མཐར་རིན་ལ་ཁྲག་ཤེད་མཐོ་བའི་ནད་དང་། གློ་ཆུ་བསགས་པ། གྲུམ་ནད་སོགས་ཡོད་པས་ས་གནས་ཀྱི་གནད་སྨིན་དབྱེ་འབྱེད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་དུད་ཚང་དབུལ་པོའི་གྲས་ཤིག་རེད། 2006ལོར་སྐྱེ་ཁུངས་འབྲོག་པ་ཡིན་ཞིང་ནོར་ལུག་གི་ནད་བཅོས་ཉམས་མྱོང་ངེས་ཅན་ལྡན་པའི་བཙན་ཆུང་ཤང་གི་ཕྱུགས་ནད་སྨན་པར་གདན་དྲངས་ཏེ་ཟླ་རེར་གླ་ཕོགས་སྒོར་600སྤྲོད་ཀྱི་ཡོད། བཙན་ཆུང་གིས་ལས་ཀ་དེར་ཧ་ཅང་གཅེས་སྤྲས་བྱས་ནས་ཉིན་མོ་སྦག་སྦག་བཞོན་ཏེ་ཀྱག་ཀྱོག་གུ་དོག་གི་རི་ལམ་བརྒྱུད་དེ་སྤྱི་ལེ་བཅུ་ལྷག་ཙམ་གྱི་སར་གནས་པའི་ཉེ་འགྲམ་གྱི་གྲོང་ཚོའི་ནོར་ལུག་གི་ནད་བཅོས་པར་འགྲོ་བ་དང་། མཚན་མོ་སྣུམ་སྒྲོན་འོག་ཉིན་མོ་སྨན་བཅོས་སུ་སྐྱོད་པའི་ཉམས་མྱོང་རྣམས་ཐོར་འགོད་ཀྱི་ཡོད། དེ་ལྟར་བྱས་པས་མགྱོགས་པོ་ཁོང་ལ་རྩ་འཛུགས་དང་འབྲོག་པ་ཚོའི་ཁས་ལེན་ཐོབ་ནས་ལོ་དེའི་ལོ་མཇུག་ཏུ“ཕྱུགས་ནད་སྨན་པའི་སྔོན་ཐོན་མི་སྒེར”ལ་བདམས་ཏེ་ཤང་སྲིད་གཞུང་གིས་སྤྲད་པའི་གཟི་བརྗིད་ལག་ཁྱེར་རག་པ་རེད།

    ནན་ཅིང་ཞིང་ལས་སློབ་ཆེན་གྱི་སློབ་སྦྱོང་མཇུག་འགྲིལ་ལག་ཁྱེར།

    དེ་རྗེས་ལོ་ལྟར་བཙན་ཆུང་ལ་གཟི་བརྗིད་མཚན་སྙན་དེ་འདྲ་ཐོབ་ཀྱི་ཡོད་ཀྱང་། ཁོང་གི་ཁྱིམ་ཚང་དབུལ་པོ་ཡིན་པའི་གནས་སྟངས་ལ་འགྱུར་བ་གཏན་ནས་བྱུང་མེད།

    2016ལོའི་སྔ་རྗེས་སུ་སྲིད་གཞུང་སྡེ་ཚན་གྱིས་བཙན་ཆུང་གནས་སའི་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བྱས་པས་ཁོང་གིས་དང་ལེན་ཧུར་ཐག་ཞུས་ཡོད། གནས་སྤོ་བྱས་པའི་ཁྱིམ་ཚང་གསར་པར་ཡོང་འབབ་གསོག་པའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཁོང་གིས་སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་སྒོ་ནས་ལས་ཞོར་གྱི་ཁོམ་པ་སྤྱད་དེ་གྲོང་ཁྱེར་དང་རྫོང་གིས་སྒྲིག་འཛུགས་བྱས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་རྣམ་གྲངས་རབ་དང་རིམ་པར་ཞུགས་པ་དང་འབྲེལ། དུས་ཐུང་ལོ་གཉིས་རིང་རང་སྐྱོང་ལྗོངས་མི་སྤྱི་ཐིང་ལས་རིགས་རྩལ་ནུས་གསལ་འབྱེད་ལྟེ་གནས་སོགས་ཚན་པས་ཁོང་ལ“ལྡུག་འཁོར་གཏོང་བ”དང“གདོང་སྐྲ་མཛེས་བཟོ”སོགས་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་ཁག་བཞི་སྤྲད་ཡོད།

    2017ལོའི་ཟླ་བདུན་པར་བཙན་ཆུང་དང་འབྲོག་པ་གཞན་མཉམ་དུ་ཚེས་བཅུ་ཐང་དུ་གནས་སྤོས་ནས་ཡུལ་གཞན་དུ་གནས་སྤོས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་པ་རེད། གྲོང་ཚོའི་ལམ་ཁོད་སྙོམས་པ་དང་སྡོད་ཁང་ཡངས་ཤིང་རྒྱ་ཆེ་བའི་ཁར་རང་བྱུང་གི་ཆུ་ཚན་དུད་ཚང་དུ་ཁྲིད་དེ་ཆུ་གློག་སོལ་རླངས་བཅས་ཡོད་པ་མ་ཟད། ད་དུང་ལྷ་ས་གྲོང་ཁྱེར་གྱིས་ཆེད་མངགས་བཅའ་སྡོད་བྱེད་པར་མངགས་པའི་གྲུམ་བུའི་ནད་སྨན་བཅོས་རུ་ཁག་གིས་ནད་པར་སྨན་བཅོས་བྱས་ཏེ་འཚོ་བའི་ཆ་རྐྱེན་སྔོན་མ་དང་བསྡུར་ཚེ་ལེགས་བཅོས་ཆེན་པོ་བྱུང་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་གོང་རིམ་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་གྲོང་ཚོར་ལུག་གསོ་ཚགས་རྟེན་གཞི་བཙུགས་ཏེ་ཉམས་མྱོང་ཕུན་སུམ་ཚོགས་པའི་བཙན་ཆུང་རྟེན་གཞིའི་འགན་འཁུར་བའི་གྲས་སུ་གྱུར་པ་དང་འབྲེལ་ཕྱུགས་ནད་སྨན་པའི་ལས་འགན་གཅིག་ལྕོགས་ཁུར་ཏེ་ཟླ་རེར་གླ་ཕོགས་སྒོར་2000ཡོད་པ་རེད།

    2018ལོའི་ཟླ་དྲུག་པར་ཁོང་ལྷ་ས་གྲོང་ཁྱེར་གྱིས་ནན་ཅིང་ཞིང་ལས་སློབ་ཆེན་དུ་མངགས་ནས“ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཕྱུགས་ཟོག་ལས་སྣོན་རྩལ་ནུས་གསོ་སྦྱོང་འཛིན་གྲྭར”ཞུགས་པས་ནན་ཅིང་ཞིང་ལས་སློབ་ཆེན་གྱིས་སྤྲད་པའི་གསོ་སྦྱོང་མཇུག་འགྲིལ་ལག་ཁྱེར་རག་ཡོད། “སློབ་ཚན་འཚོག་སྐབས་རིགས་གཅིག་མཁས་ཅན་ཚོས་ཁྲིད་པའི་ནང་དོན་མི་རྟོགས་ཀྱང་ཨུ་ཚུགས་ངང་ཉན་པ་དང་ཟིན་བྲིས་བརྒྱབ་ནས་སློབ་ཚན་གྲོལ་རྗེས་རོགས་པ་ཚོར་སྐད་ཆ་འདྲི་ཡི་ཡོད་པས་ནང་དོན་ཁག་གཅིག་རིམ་པས་ཕྲན་བུ་རྟོགས” བཙན་ཆུང་གི་སྣེ་ཁྲིད་འོག་གྲོང་ཚོའི་ལུག་གསོ་ཚགས་རྟེན་གཞིར་ཁེ་སྤོགས་བྱུང་བ་དང་། 2018ལོའི་ལོ་མཇུག་ཏུ་གྲོང་ཚོར་དུད་ཚང་150ཡོད་པ་ཚང་མར་ཁེ་བཟང་སྒོར་3700བགོ་བཤའ་བརྒྱབ་ཡོད།

    གསོ་སྦྱོང་ལག་ཁྱེར།

    ཚེས་བཅུ་ཐང་དུ་གནས་སྤོ་བྱས་ཚུན་དུ། སྨན་བཅོས་རུ་ཁག་གི་སྨན་བཅོས་དང་ཆུ་ཚན་གྱི་སྨན་བཅོས་བརྒྱུད་བཙན་ཆུང་གི་བཟའ་ཟླ་མཐར་རིན་གྱི་གློ་ཆུ་དང་གྲུམ་བུའི་ནད་མངོན་གསལ་དོད་པོས་དྲག་སྐྱེད་བྱུང་ཡོད། ན་ནིང་ལོ་མཇུག་ཏུ་མཐར་རིན་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པ་དང་བོད་ཀྱི་གསོ་བ་རིག་པའི་སློབ་ཚོགས་ཀྱིས་གཉེར་བའི“བོད་ཀྱི་གསོ་བ་རིག་པ་དང་འཚམ་པའི་ལག་རྩལ་གསོ་སྦྱོང་འཛིན་གྲྭར”ཞུགས་པ་དང་འབྲེལ་ལག་ཁྱེར་ཡང་རག་ཡོད། ད་ཆ་མཐར་རིན་གྱི་ནད་གཞི་དྲག་སྐྱེད་བྱུང་ནས་འཚོ་བ་རང་རྐྱ་འཕེལ་བ་མ་ཟད་ད་དུང་ཇ་ཁང་དང་ཚོང་ཁང་བཙུགས་ཏེ་ལོ་གཅིག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་ཟིན་གྱི་ཡོད། “ལག་ཁྱེར”གྱི་གཏམ་རྒྱུད་བརྗོད་པ་དང་གནས་མ་སྤོས་གོང་དང་སྤོས་རྗེས་ཀྱི་འཚོ་བའི་འགྱུར་ལྡོག་ལ་བསྡུར་བ་བྱས་ནས་བཙན་ཆུང་གིས་རྩིས་རྒྱག་སྐབས་ན་ནིང་ཁྱིམ་ལ་ཁྱོན་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་ཡོད། ཁོང་གིས“ད་ཆ་འཚོ་བ་ལེགས་སུ་ཕྱིན་ཡོད་པས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཡང་ཡང་བརྗོད།

    ལོ་གསར་པར་རྒྱང་ལྟ་བྱེད་སྐབས་བཙན་ཆུང་གིས“ཏང་དང་སྲིད་གཞུང་གིས་ང་ཚོའི་ནད་གཞི་དྲག་སྐྱེད་དང་དབུལ་སྒྲོལ་བྱས་པས་ང་ཚོ་ཚེས་བཅུ་ཐང་གི་མང་ཚོགས་ཀྱི་སྔར་བས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་་བྱེད་ཀྱི་ཡིན”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།