[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ལོ་གསར་གཉིས་དགའ་གཏོང་སྐབས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་དྲིན་ཚོར་ཤེས་བྱེད་པ།

    “གུང་ཁྲན་ཏང་མེད་ན་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    x0207at1.jpg

    ཚེས་5ཉིན་ཁང་པ་གསར་པར་སྤོས་པའི་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་འུག་པ་གྲོང་ཚོའི་གནས་སྤོས་མང་ཚོགས་ཀྱིས་དུས་ཆེན་དགའ་གཏོང་བྱེད་པ།

    x0207at3.jpg

    ལྷ་ས་བསྔགས་པ་གླིང་སྡེ་ཁུལ་གྱི་ཚེ་རྡོར་གྱིས་སྡེ་ཁུལ་གྱི་མང་ཚོགས་ལ་དཔྱིད་གསར་གྱི་སྙན་འཇེབས་རོལ་དབྱངས་དཀྲོལ་བའི་གནས་ཚུལ་ཡིན་པ།

    x0207at2.jpg

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་མིས་དུས་ཆེན་རིང་གློག་སྤྱོད་བདེ་འཇགས་འགན་ལེན་བྱེད་པ།

    ཚེས་5ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་རེད་ལ། བོད་ས་ཕག་ལོའི་ལོ་གསར་གྱི་ཚེས་གཅིག་ཀྱང་རེད། ལོ་གསར་གཉིས་མཉམ་དུ་འཁེལ་བས་རང་ལྗོངས་ཀྱི་ས་གནས་གང་སར་ལོ་གསར་གྱི་རྣམ་པ་ཟབ་པ་མ་ཟད། སྤྲོ་སྣང་དོད་ཅིང་བཀྲ་ཤིས་པའི་རྣམ་པ་ས་མཐོའི་ས་གནས་ཡོངས་སུ་ཁྱབ་ཡོད།

    ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་དུ་མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་མང་ཚོགས་ཀྱིས་ཕྱེ་མར་འགྱོགས་པ་དང་། སྒོར་གཞས་འཁྲབ་བཞིན་དུ་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་བྱེད་འགོ་ཚུགས། 1960ལོར་ཏང་ནང་ཞུགས་པའི་ཏང་ཡོན་རྒན་གྲས་ནོར་འཕེལ་ད་ལོ་ལོ་85ལ་སླེབས་པ་དང་། མི་ཚོའི་སྤྲོ་སྣང་དོད་པའི་རྣམ་འགྱུར་མཐོང་སྐབས་ཁོང་གི་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར། ཁོང་གིས་གསར་འགོད་པར“ད་ཆ། ང་ཚོ་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད་པས། ཚང་མས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་གྱི་ཡོད། འཚོ་བ་ཡག་པོ་འདི་འདྲ་ཚང་མ་ཏང་གི་བཀའ་དྲིན་རེད། 

    གུང་ཁྲན་ཏང་མེད་ན་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད་པ་ཚང་མས་ཤེས་ཀྱི་ཡོད”ཅེས་བཤད། 

    རྒྱལ་རྩེ་རྫོང་སྤང་ཡུལ་ཐང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ཡོངས་ཀྱི་མང་ཚོགས་530ལྷག་ཙམ་ཁང་པ་གསར་པར་སྤོས་རྗེས་ཀྱི་ལོ་གསར་དང་པོ་བསུས། ད་ལོ་ལོ་54ལ་སླེབས་པའི་ཆོས་དར་ནི་དེ་སྔ་རྒྱལ་རྩེ་ན་རོང་ཤང་བྱག་པ་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་རེད། 2018ལོར། ཁོང་ལ་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་སྤང་ཡུལ་ཐང་གྲོང་ཚོར་སླེབས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    ཁང་པ་གསར་པར་སྤོས་ནས་ལོ་གསར་གཏོང་བ། ད་ལོའི་ལོ་གསར་ནི་ཆོས་དར་དང་འདྲ་བའི་སྤང་ཡུལ་ཐང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་དུད་ཚང་118ཀྱི་ངོས་ནས་བརྗོད་ན། སྤྱིར་བཏང་གི་ལོ་གསར་ཞིག་གཏན་ནས་མིན། མཐོ་ཞིང་གཟར་བ་དང་། འཐུང་ཆུ་དཀོན་པ། སྡོད་ཁང་གོག་ཧྲུལ། ཆ་རྐྱེན་ཧ་ཅང་སྐྱོ་བ་བཅས་ཀྱི་སྡོད་ཁང་རྙིང་པ་ནས་རྨང་གཞིའི་སྒྲིག་བཀོད་ཡག་ལ་ལེ་ལག་ཚང་བའི་རྫོང་གྲོང་ཉེ་འགྲམ་གྱི་བཀོད་སྒྲིག་ཁུལ་གསར་པར་གནས་སྤོས་པས་མང་ཚོགས་ཚོས་ཏང་གི་དྲོ་སྐྱིད་ཚོར།

    ཆོས་དར་གྱིས“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་སྤང་ཡུལ་ཐང་གྲོང་ཚོར་སྤོས་པ་དང་། ད་ཆ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པར་བསྡད་དེ་ནང་མི་དང་གཉེན་ཉེ་ཚང་མར་སྤྲོ་སྣང་དོད་པའི་ལོ་གསར་ཞིག་གཏོང་རྒྱུ་བྱུང་ལ། དབུལ་སྒྲོལ་དང་དབུལ་པོའི་ཞྭ་མོ་གང་མགྱོགས་ཕུད་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ངར་གདེང་ཚོད་ཆེན་པོ་ཡོད”ཅེས་བཤད།

    ཉེ་ཆར། ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་གཉིས་པར་བསྐྱོད་དེ། ཕྲུ་གུ་ཚོར་གྲ་སྒྲིག་ཞིབ་ཚགས་བྱས་པའི་དུས་ཆེན་གྱི་ལག་རྟགས་སྤྲད་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་ཕན་བདེ་ཁང་གཉིས་པར་ཁྱོན་བྱིས་པ་100ལྷག་ཙམ་ཡོད་པ་ཚང་མ་དྭ་ཕྲུག་ཤ་སྟག་རེད། དཔོན་དམག་ཚོ་ལུས་རྩལ་ཐང་དུ་སླེབས་སྐབས། ཕྲུ་གུ་ཚོས་ལག་པ་གཡུག་བཞིན་འཚང་ཁ་ཤིག་ཤིག་ངང་ཁོང་ཚོར་བསུ་བ་ཞུས།

    དུས་ཡུན་རིང་པོའི་ནང་ཡན་ལག་དམག་ཁུལ་ཁང་དེའི་དཔོན་དམག་གིས་ལས་སྒྲུབ་དམག་གྲབས་བྱེད་པ་དང་དུས་མཚུངས། ཉེན་སྐྱོབ་དཀའ་སེལ་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གང་ལེགས་བཏང་བ་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་མང་ཚོགས་དང་འབྲེལ་བ་ཟབ་ཏུ་བཏང་བར་རྒྱ་ཆེའི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སྤྱི་གཏོང་གྲོང་ཚོ་ནི་སྟེང་པ་འདུས་སྡོད་ཀྱི་གྲོང་ཚོ་ཞིག་རེད། མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་མང་ཚོགས་ཚོས་ལོ་གསར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་འབབ་འཕར་ཕྱུག་འགྱུར་གྱི་འཚོ་བ་གསར་པར་རྟེན་འབྲེལ་ཞུས།

    སྤྱི་གཏོང་གྲོང་ཚོར་དུད་ཚང་27གྱི་མི་114ཡོད་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་18ཀྱི་མི་87ཡོད་པ་དེ་དག་གིས་གྲོང་མིའི་བསྡོམས་འབོར་གྱི་76%བཟུང་ཡོད་པས། ཤིན་ཏུ་དབུལ་བའི་གྲོང་ཚོའི་ཁོངས་སུ་གཏོགས་ཀྱི་ཡོད། གྲོང་མི་རྣམས་དབུལ་པོ་ནས་བསྒྲལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་སྐྱེལ་དགོས་སམ་ཞེ་ན། བ་ཤ་སྦྱིན་པ་ལས་བ་མོ་གསོ་སྟངས་བསླབས་ན་དགའ་ཞེས་པའི་དཔེ་ལྟར་སྤྱི་གཏོང་གྲོང་ཚོའི་གྲོང་མི་མང་ཆེ་བས་ཕག་པ་གསོ་ཡི་ཡོད་པ་ཤེས་རྗེས། རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེད་ལས་ཕྱུགས་རིགས་མཁས་ཅན་གདན་དྲངས་ཏེ། ཡུལ་དེ་གའི་ཕག་པ་དང་ཕག་རྒོད་རྒྱུད་སྦྱོར་བྱས་པ་བརྒྱུད་རྒྱུད་པ་ཧ་ཅང་བཟང་བའི་སྟེང་པའི་བོད་ཕག་གི་རྒྱུད་པ་ཆགས་ཡོད། 

    དུས་མཚུངས། གཞིས་རྩེ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་དུས་ཆེན་རིང་གི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་ལས་དོན་འགན་ལེན་བྱས་ཏེ། དུས་ཆེན་གྱི་ཁྲོམ་རའི་ལྟ་འདོམས་ཁྲིམས་སྐྱོང་སོགས་ཀྱི་ཐབས་ཤེས་སྤྱད་ནས་དུས་ཆེན་གྱི་ཁྲོམ་ར་དར་ཞིང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་མི་སྤྱོད་ཚན་པ་604ལ་ཞིབ་བཤེར་བྱས་པ་དང་། མི་སྤྱོད་ཚན་པ་147ལ་ངལ་རྩོལ་གན་རྒྱ་3140འཇོག་དགོས་པའི་སྐུལ་ལྕག་བྱས་པ། གླ་ཆ་ཆད་པའི་གྱོད་གཞི་ཁག་31ཤེས་ནས་ཞིང་པ་ལས་མི་1740ཡི་གླ་ཆ་སྒོར་ཁྲི་4665ལེན་རོགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།