[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱ་དངོས་མང་ཙམ་བསྒྲུབས། དམངས་ཀྱི་སེམས་པ་དྲོས།

    —— ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གི་གྲོང་སྡོད་ལས་དོན་སྤེལ་ཚུལ་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    འདི་ལོ་ཤར་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལེགས་སྐྱེས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་དང་གྲོང་སྡོད་ལས་ཀའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད།

    མི་ཧྲེང་རྒན་རྒོན་ལ་དོ་ཁུར་དང་། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་བུད་མེད་ལ་འཚམས་འདྲི། གད་ཕྱིས་གཙང་སྦྲ་ཆེན་པོའི་བྱེད་སྒོ་སྤེལ་བ། ཡུར་བུའི་འགྲམ་གྱི་གད་སྙིགས་གཙང་ཕྱགས་སོགས་བྱ་བ་དངོས་མང་དག་ཅིག་བསྒྲུབས་པ་ལས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཆེད་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བརྩམས་པར་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ་ཡོད་པ་རེད།

    ཏང་གི་དྲོ་སྐྱིད་གྲོང་གསེབ་ཏུ་ཁྱབ་པར་བྱས་པ།

    འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པའི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་གཅིག་ནས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་སྔ་རྗེས་སུ་འཐབ་ས་དང་པོར་བསྐྱོད་དེ་གཅིག་ནས་གྲོང་སྡོད་ལས་དོན་ཧུར་ཐག་སྤེལ་བ་དང་གཉིས་ནས་གྲོང་ཚོ་དང་མི་སེར་གྱི་གནས་ཚུལ་ཤེས་མཁན་ཞིག་དང་། མང་ཚོགས་ཀྱི་ཡིད་ཆེས་ཐོབ་པའི་གྲོགས་པོ་བློས་ཐུབ་ཅིག འཕེལ་རྒྱས་དང་བརྟན་ལྷིང་ཐད་སྤྱོད་གོ་ཆོད་མཁན་ཞིག་བཅས་བྱས་ནས་ཁོང་ཚོས་ཆབ་སྲིད་ལ་སྣང་ཆེན་དང་། མཐུན་སྒྲིལ་ལ་སྣང་ཆེན། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་2018ལོའི་མཚོ་སྣའི་སྡེ་ཁུལ་གྲོང་ལྷན་ཚོགས་ཆུང་ཁག་གི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་དུས་བཀག་ནང་ལེགས་སྒྲུབ་བྱས་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ལྷན“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་ལས་དོན་གྱི་ཆེད་མངགས་འཛིན་གྲྭ་བཙུགས་ནས་གྲོང་མིའི་ཚོགས་ཆུང་དང་ཞིང་དུད་དུ་བསྐྱོད་དེ་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་དང་། གྲུབ་ཆ། རང་གྲབས་མ་དངུལ་གྱི་ཚད་གཞི་སོགས་ནས་འགོ་བཙུགས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་ལྷག་པར་དུ་གཙང་བཤེར་ཕྱིར་སློག་བྱས་པའི་མི་སྣ་སོགས་ལ་སྲིད་ཇུས་འགྱུར་ལྡོག་ཕྱིན་པའི་རྒྱུ་རྐྱེན་འགྲེལ་བཤད་ཞིབ་ཕྲ་བར་བརྒྱབ་པ་རེད། འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས་ཁོ་ཚོའི་རང་གྲབས་མ་དངུལ་གྱི་30%གོང་འབུལ་གྱིས་ལས་འགོ་བཙུགས་ཏེ་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    བློ་གཅིག་སེམས་གཅིག་གིས་དམངས་ཀྱི་སེམས་ཁྲལ་སེལ་བ།

    གླིང་མདའ་ཤང་ཀུན་ཁང་གྲོང་ཚོར་བཅའ་སྡོད་རྒྱ་ཚ་རྫོང་དབུལ་སྐྱོར་གཞུང་ལས་ཁང་དང་ཞིང་འབྲོག་ཅུས་ཀྱི་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་པའི་ཉིན་དེར་་གྲོང་ཚོའི་དུད་ཚང་དབུལ་པོར་འཚམས་འདྲི་བྱས་ཏེ་མར་དང་འབྲས་སོགས་འཚོ་བའི་མཁོ་ཆས་བསྐྱལ་བ་དང་འབྲེལ། ཁོང་ཚོའི་རྒྱུན་གཏན་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། མཐུན་སྦྱོར་ཧུར་ཐག་གིས་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་བཅས་དང་སྨན་བཅོས་སོགས་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱས་པ་དང་འབྲེལ། ཆུ་འགོར་ཞིབ་བཤེར་དང་ཆུ་ཡུར་ཉམས་བཟོ་སྲུང་སྐྱོང་བྱས་པ་རེད།

    གླིང་མདའ་ཤང་ཀུན་ཁང་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་རྒན་མོ་ཚེ་རིང་ལྷ་མོས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་ལག་ནས་བཟུང་སྟེ་མིག་ཆུ་ལྷུང་ལྷུང་དུ་གཏོང་བཞིན་དུ“ཕྲུ་གུ་གཅིག་ཀྱང་མེད་པའི་མི་ཧྲེང་རྒན་རྒོན་ང་རང་དེ་སྔ་རང་ཉིད་ཀྱིས་ལས་ཀ་བྱེད་ཐུབ་སྐབས་གང་སྤྱིའི་ཐད་སྣང་དག་མེད་རུང་། ན་ནིང་ནས་བཟུང་གོམ་པ་སྤོ་ཐུབ་ཀྱི་མི་འདུག ནད་གཞི་ལྕི་བའི་སྐབས་མལ་ལས་ཀྱང་ལངས་ཐུབ་ཀྱི་མི་འདུག སྐབས་དེ་དུས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ངར་ལྟོ་ཆས་དང་སྨན་སོགས་སྐྱེལ་བར་སླེབས་བྱུང་། གལ་ཏེ་ཁོང་ཚོ་མེད་ཚེ་ང་འཚོ་བ་ཇི་ལྟར་སྐྱེལ་དགོས་མིན་ཤེས་མ་སོང”ཞེས་བཤད།

    གླིང་མདའ་ཤང་ཀུན་ཁང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་ཚུན། རྒྱ་ཆེའི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གླེང་མང་བའི་གནད་དོན་ལ་དམ་པོར་དམིགས་ནས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་དང་མཐུན་སྦྱོར་གྱིས་གྲོང་མི་ཚོར་བདེ་འཇགས་འཐུང་ཆུ་དང་། འགྲོ་ལམ་འགྲིམ་འགྲུལ། གློག་དང་ཆ་འཕྲིན་ཤར་གཏོང་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཏང་གི་དྲོ་སྐྱིད་དུད་ཚང་ཁྲི་སྟོང་མང་པོས་ཤེས་པ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་བུད་མེད་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོང་ཚོས་ཕ་ཡུལ་འཛུགས་སྐྲུན་ཁྲོད་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    བྱ་བ་ཆུང་ཙག་ཐོག་ནས་བརྩེ་སེམས་ཟབ་མོ་ཚོར་ཐུབ་པ་བྱས་པ།

    “དེ་སྔ་ངས་གཙོ་བོ་ས་ཞིང་བཏབ་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། སྐབས་རེ་ཕྱིར་གླ་པར་སྐྱོད་རུང་ལས་ཀ་དཀའ་ལས་ཆེ་ལ་གླ་ཕོགས་དམའ་པོ་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་བོད་རྩྭའི་སྣོད་བཅུད་ཚན་རྩལ་ཀུང་སི་དང་ལས་མི་སྤྱོད་པའི་གྲོས་མཐུན་བཞག་པ་དེས་ང་ཚོའི་གྲོང་ཚོའི་མང་ཚོགས་དབུལ་པོ་ཚོར་ལས་མི་སྤྱོད་པའི་ལས་གནས་30མཁོ་འདོན་བྱས་པས་ད་ཆ་གླ་པར་ཕྱིན་ན་ལོ་ལྟར་ཡོང་འབབ་ཉུང་ཤོས་ལ་སྒོར་ཁྲི་གཉིས་ཡན་ཡོང་གི་འདུག་པས་ཕྲུ་གུ་སློབ་གྲྭརགཏོང་བ་དང་ཁྱིམ་ཚང་གི་འགྲོ་སོང་ཐད་སེམས་ཁྲལ་མེད་ལ་ད་དུང་རང་ཁྱིམ་དུ་སོ་སོས་བཏབ་པའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་ཡོད་པས་ཉིན་ལྟར་གནོད་མེད་སྔོ་ཚལ་ཟ་རྒྱུ་ཡོད་སྟབས་ཧ་ཅང་སྐྱིད་པོ་འདུག”ཅེས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་རྔ་སྒྲ་གྲོང་ཚོའི་གྲོང་མི་ཚེ་རིང་གིས་དགའ་སྤྲོའི་ངང་བཤད།

    མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ཚེ་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་དངོས་འབྲེལ་གཏོང་ཐུབ། རྔ་སྒྲ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་རྩ་འཛུགས་པུའི་ལས་དོན་རུ་ཁག་གི་རུ་མིས་དེ་དག་ཚང་མ་ནི་ང་ཚོས་གཞུང་ལས་ཁང་ནང་སྦྱོང་མི་ཐུབ་པ་ཞིག་ཡིན་པས་སླད་ཕྱིན་མུ་མཐུད་མང་ཚོགས་ཁྲོད་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཚེ་ལས་ཀའི་ཁྲོད་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་ཐུབ་ཅེས་བཤད།

    གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ལ་བསམ་ཚུལ་བརྗོད་པ་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་དོན་སྙིང་གལ་ཆེན་དང་དམིགས་ཚད་ལས་འགན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་བོད་གསར་རྙིང་བསྡུར་བའི་པར་རིས་ཀྱི་ཆེད་སྒྲོམ་བཟོས་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་བསམ་བློ་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་བ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།