[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོའི་འཇོ་མདའ་རྫོང་ཁོངས་སུ་གློ་བུར་དུ་རི་ཉིལ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    微信图片111.jpg

    ཚེས་11ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་མངའ་ཁོངས་ཀྱི་འབྲི་ཆུའི་གཡས་གཡོན་གྱི་རི་གློ་བུར་དུ་ཤུགས་ཆེན་པོ་ཉིལ་བ་དང་ཆུ་ཁ་རྒྱས་ཤུགས་ཆེ་བས། ཆུ་ལམ་གཙོ་བོ་འགག་ནས། འཁྱིལ་ཆུས་ཉེ་འགྲམ་གྱི་འབམ་གོང་གྲོང་ཚོ་དང་ཉིང་པ་གྲོང་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོས་པ་མ་ཟད། སྤོ་ལོ་ཤང་དུ་སྐྱོད་སའི་ཟམ་པ་དང་ཞིང་ཁ་ཁ་ཤས་ཀྱང་ཆུས་བསྣུབས་པས། འཇོ་མདའ་རྫོང་གིས་དེ་མ་ཉིད་དུ་འཕྲལ་སྡོམ་རོགས་སྐྱོབ་ཇུས་གཞི་ལག་ལེན་བསྟར་བ་དང་། སྤོ་ལོ་ཤང་སློབ་ཆུང་གི་དགེ་སློབ་287གང་མགྱོགས་གནས་སྤོས་ཡོད་ལ། འབམ་གོང་གྲོང་ཚོ་དང་ཉིང་པ་གྲོང་ཚོའི་གྲོང་མི་400ཀྱང་དུས་ཐོག་ཏུ་གནས་སྤོས་པས། མིག་སྔར། མི་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་མེད། 

    微信图片222.jpg

    གསར་འགོད་པར་འཇོ་མདའ་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། ནགས་ཚལ་མེ་ཟོན་ཅུས་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཆབ་མདོ་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གནས་ཚུལ་ཐོན་ཡུལ་དུ་འཕྲལ་མར་རོགས་སྐྱོབ་བྱེད་པར་སོང་བ་དང་། རོགས་སྐྱོབ་རུ་ཁག་གིས་འབྲི་ཆུ་བརྒལ་ཏེ་ཆུའི་ཕ་རོལ་དུ་རོགས་སྐྱོབ་བྱེད་པར་འགྲོ་རྒྱུའི་ཐབས་ཤེས་གཏོང་བཞིན་ཡོད། དེ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱིས་ཀྱང་རྒྱལ་ཁབ་ས་ཆ་དང་། ཆུ་བེད། འགྲིམ་འགྲུལ། འཕྲོད་བསྟེན། སློབ་གསོ། དམངས་སྲིད་བཅས་སྡེ་ཚན་འཕྲལ་མར་སྒྲིག་འཛུགས་བྱས་ཏེ་གནས་ཚུལ་ཐོན་ཡུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་མ་ཟད། ཉེ་འཁོར་གྱི་གོ་འཇོ་རྫོང་དང་སི་ཁྲོན་དཔལ་ཡུལ་རྫོང་སོགས་འབྲི་ཆུ་དང་ཐག་ཉེ་བའི་ཤང་གྲོང་དང་ཁེ་ལས་ལ་འབྲེལ་བ་བྱས་ཏེ། མང་ཚོགས་བདེ་འཇགས་ཁུལ་ལ་དུས་ཐོག་ཏུ་གནས་སྤོས་པ་རེད། 

    微信图片333.jpg

    (པར་རིས་ཡོང་ཁུངས། འཇོ་མདའ་རྫོང་དྲིལ་བསྒྲགས་པུའུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།