[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲལ་སྒྲུབ་ཚོམས་ཆེན་གྱི་འགྱུར་ལྡོག་གསར་པ།

    —— ཉིང་ཁྲི་གྲོང་ཁྱེར་གྱི་ཁྲལ་དོན་སྒྲིག་གཞི་གསར་པའི་སྒྱུར་བཅོས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཟླ་8ཚེས་15ཉིན་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)རིམ་པའི་ཁྲལ་དོན་སྒྲིག་གཞི་གསར་པའི་སྒོ་བྱང་བཀལ་རྗེས་ཀྱི་ཁྲལ་བསྡུ་ཁག་ཐེངས་དང་པོའི་ཉིན་མཇུག་ཤོས་དེ་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་ཁག་ཏུ་སྒྲིག་ལམ་ཡག་པ་དང་གྲོང་ཁྱེར་ཡོངས་ཀྱི་ལས་སྒོའི་འབོར་ཚད་དང་ཁྲལ་འཇལ་བ་མང་ཤོས་ཀྱི་བྲག་ཡིབ་ཆུས་ཁྲལ་དོན་ཅུས་ཁྲལ་སྒྲུབ་ཚོམས་ཆེན་དུ་སྔོན་ཆའི་མི་ཚོགས་མང་བ་དང་གུ་དོག་ལ་ཟིང་ཆེ་བའི་སྣང་ཚུལ་མཐོང་རྒྱུ་མེད་པར་ཁྲལ་འཇལ་བ་ཚང་མ་གོ་རིམ་ཡོད་པའི་སྒོ་ནས་འགྲོ་འོང་བྱེད་བཞིན་ཡོད། ཁྲལ་དོན་ཁྲིད་སྟོན་ལས་སྟེགས་ཀྱི་གམ་དུ་ཁྲལ་དོན་ཁྲིད་སྟོན་པས་ཁྲལ་འཇལ་བར་ཁྲལ་འབྲེལ་དོན་ཚན་ཁག་ངང་རྒྱུད་རིང་པོས་སྒྲུབ་རོགས་དང་སྒྱུར་བཅོས་བྱས་པ་ལས་ཁྲལ་འཇལ་བར་དེ་བས་སྟབས་བདེ་བསྐྲུན་པ་དང་དེ་བས་དངོས་ཡོད་ཀྱི་ཐོབ་སྣང་བྱིན་ཡོད།

    བཀྲག་མདངས་འཚེར་ས་དང་པོ། ཞབས་ཞུ་རིམ་སྤོར་དང་ལེགས་སུ་བཏང་བ།

    “སྒྲིག་གཞི་གསར་པ་བཙུགས་རྗེས་ཁྲལ་སྒྲུབ་ཚོམས་ཆེན་དེ་བས་ཚད་ལྡན་དང་གྲལ་སྟར་འགྲིག་པོ་ཡོད་པ་དང་ཚོམས་ཆེན་ནང་འཛུལ་མ་ཐག་ང་ཚོར་བརྩི་འཇོག་ཐོབ་པའི་ཚོར་སྣང་ཞིག་ངང་གིས་ཡོང་གི་འདུག”ཅེས་བྲག་ཡིབ་ཆུས་ཀྱི་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ་ཉིང་ཁྲི་པའོ་ལིས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཐང་ཧྭ་ཡིས་གསར་འགོད་པར་ཁྲལ་དོན་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་ཀྱི་ཁྲལ་བསྡུ་ཁག་ཐེངས་དང་པོའི་འགྱུར་ལྡོག་སྣ་ཚོགས་གླེང་བྱུང་།

    ཟླ་7ཚེས་5ཉིན་སྒོ་བྱང་བཀལ་ཚུན་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་སྒྲུབ་ཞབས་ཞུའི་ཁུལ་དང་། ཁྲལ་དོན་ཁྲིད་སྟོན་ཞབས་ཞུའི་ཁུལ། རང་འདེམས་ཁྲལ་སྒྲུབ་ཁུལ། བསྒུགས་ནས་ངལ་གསོ་རྒྱག་ཁུལ་བཅས་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་དང་སྐར་ཁུང་གྱི་གཞུང་སྒྲུབ་སྒྲོག་ཙེའི་སྟེང་གི་སྒྲིག་ཆས་ཚད་ལྡན་བཟོས་ཏེ་ཁྲལ་སྒྲུབ་ཚོམས་ཆེན་གྲལ་སྟར་འགྲིག་པོ་ཡོང་བའི་འགན་ལེན་བྱས་པ་རེད། ཁྲལ་དོན་མི་སྣའི“འགན་འཁྲི་འཁུར་སེམས”ལ་བརྟེན་ནས་ཁྲལ་འཇལ་བའི“ཐོབ་སྣང”ཟབ་ཏུ་བཏང་སྟེ་མཁྲེགས་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ཁྲལ་འཇལ་ཞབས་ཞུ་ཕྱོགས་ཡོངས་ནས་རིམ་སྤོར་དང་ལེགས་སུ་བཏང་བ་རེད།

    བཀྲག་མདངས་འཚེར་ས་གཉིས་པ། ཁྲལ་སྒྲུབ་སྟངས་དེ་བས་སྣ་ཁ་མང་དུ་བཏང་བ།

    “ད་ཆ་ཁྲལ་སྒྲུབ་སྐབས་ལས་སྒོའི་རིགས་མི་འདྲ་བ་དང་རང་ངོས་ཀྱི་དགོས་མཁོར་གཞིགས་ནས་རང་འདེམས་ཁྲལ་སྒྲུབ་མཐའ་སྣེའམ་ཡང་ན་ཁྲལ་སྒྲུབ་ཚོམས་ཆེན་དུ་འགྲོ་རྒྱུ་གདམ་ག་བྱ་ཆོག་པས་ཁྲལ་སྒྲུབ་ཀྱི་མ་གནས་གྲོན་ཆུང་ཆེན་པོ་ཐུབ་ཀྱི་འདུག ངས་ཉིང་ཁྲིའི་མི་གཤིས་ཅན་གྱི་ཁྲལ་དོན་ཞབས་ཞུའི་ས་ཚིགས་ལ་བསྔགས་བརྗོད་བྱ་རྒྱུ་ཡིན”ཞེས་ཆུ་ཚོད་24རིང་གི་རང་འདེམས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ་ལས་སྒོ་གཉེར་ཟིན་མ་ཐག་པའི་ཉིང་ཁྲི་གནམ་ལྕགས་འབར་བ་ཁེ་ལས་ཚད་ཡོད་ཀུང་སིའི་ནོར་དོན་ལས་དོན་པ་ཞའོ་ལིས་ཀྱིས་འཛུམ་མདངས་འཕྱུར་བཞིན་དུ་བཤད།

    ད་ཕན་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“དྲ་བ་དང་། ཚོམས་ཆེན། རང་འདེམས”བཅས་ཕན་ཚུན་གསབ་རེས་བྱེད་པའི་སྣ་མང་ཅན་དང་རིག་ནུས་ཅན་གྱི་ཁྲལ་འཇལ་ཞབས་ཞུའི་བཀོད་པ་གསར་པ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་མི་སྣ་དབར་འབྲེག་གཏུག་བྱེད་མི་དགོས་པའི་ཞབས་ཞུའི་དཔེ་རྣམ་གྱི་ཞབས་ཞུའི་འབོར་ཚད་སྔར་བས་ཆེ་རུ་བཏང་ནས་ཁྲལ་སྒྲུབ་ཚོམས་ཆེན་གྱི་མི་འབོར་དང་ལས་སྒོའི་འབོར་ཚད་ཆེ་བའི་གནོན་ཤུགས་ཞི་ལྷོད་དུ་བཏང་བ་དང་ཁྲལ་སྒྲུབ་པའི་མི་ཤུགས་དང་། དངོས་ཤུགས། སེམས་ནུས་བཅས་ལ་གྲོན་ཆུང་ཐུབ་ནས་ཁྲལ་འཇལ་བས་ཁྲལ་འཇལ་རྣམ་པ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    བཀྲག་མདངས་འཚེར་ས་གསུམ་པ། ཆེད་དོན་ཞབས་འདེགས་ཞུ་བ།

    “སྒྲིག་གཞི་སྒྱུར་བཅོས་བྱེད་པར་ཞབས་ཞུ་སྔོན་ལ་སྒྲུབ་དགོས”པའི་ཁྲལ་སྒྲུབ་དམངས་ཕན་བྱེད་ཐབས་དེ་བས་ལེགས་པའི་སྒོ་ནས་དང་ལེན་ཞུས་ཏེ་ཁྲལ་འཇལ་རེ་ཞུའི་དུས་ཐེངས་དང་པོ་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ད་དུང་ཆེད་དོན་ཞབས་ཞུའི་བྱེད་ཐབས་ཁྱབ་གདལ་བཏང་ནས་ཁྲལ་འཇལ་བས་ཁྲལ་བསྡུ་ཁག་ཐེངས་དང་པོར་རྒྱུན་གཏན་ལྟར་རེ་ཞུ་ཐུབ་པའི་འགན་ལེན་བྱས་པ་རེད།

    “ཁྲལ་འཇལ་བས་རྒྱུན་གཏན་ལྟར་རེ་ཞུ་ཐུབ་པའི་འགན་ལེན་བྱེད་པར་མ་ལག་བརྟན་པོ་དང་ཞབས་འདེགས་བརྟན་པོ་ཞུ་རྒྱུ་གལ་འགངས་ཆེན་པོ་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་དང་། དེ་ལྟར་ཡིན་སྟབས་ཅུས་དེས་སྔ་སྣུར་ནས་གནོན་ཤུགས་ཆེ་བ་དང་ཐེག་ནུས་ཆེ་བའི་ཚོད་ལྟ་ཡག་པོ་བྱས་ཏེ་ཁྲལ་བསྡུའི་རིང་གི་ཆ་འཕྲིན་མ་ལག་ཁག་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་པ་དང་། སྔ་སྣུར་ནས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་གྱི་འཛིན་ཤོག་དང་། སྤ་སེ་སྤྲོད་སའི་མཛོད་ཁང་། རང་འདེམས་ཁྲལ་སྒྲུབ་སྒྲིག་ཆས་སོགས་རྒྱུན་གཏན་གྱི་གྲལ་བཤེར་ཡག་པོ་བྱས་ཏེ་སྒྲིག་ཆས་ཁག་འཁོར་རྒྱུག་ཡག་པོ་ཐུབ་པའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།