[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་དང་ཧའར་པིན་གྱིས་མཉམ་དུ“2018ལོའི་བོད་ལྗོངས་ཇོ་མོ་གླང་མའི་རིག་གནས་དུས་ཆེན”གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-20

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། གསར་འགོད་པར“2018ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡོངས་བསྒྲགས་ཚོགས་འདུའི”ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་16པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་8ཚེས་26ཉིན་ནས་ཟླ་9ཚེས་1ཉིན་བར་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཞུས་ཤང་གོ་ཡིས“སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནང‘དུས་རབས་གསར་པ་བསུ། བདེ་སྐྱིད་ལྡན་པའི་གཞིས་རྩེ’ཞེས་པ་བརྗོད་དོན་གཙོ་བོར་བྱེད་རྒྱུ་དང་། ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་དུ་གཉེར་རྒྱུ་རེད། གཞིས་རྩེའི་ཚོགས་ར་གཙོ་བོའི་མཛད་སྒོ་ཟླ་8ཚེས་26ཉིན་འགོ་ཚུགས་རྒྱུ་དང་། ཧེ་ལུང་ཅང་གི་བྱེད་སྒོའི་གཟའ་འཁོར་ཟླ་9ཚེས་14ཉིན་འགོ་ཚུགས་རྒྱུ་རེད། བྱེད་སྒོ་སྤེལ་ཡུལ་གཉིས་སུ་ཚོང་དོན་ངོ་འཕྲད་གྲོས་མོལ་དང་། ཡུལ་སྐོར་འོས་སྦྱོར་ངོ་སྤྲོད། མི་རིགས་མཐུན་སྒྲིལ་བཅས་ཀྱི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་རྒྱུ་རེད་ཅེས་བཤད།

    ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་རིང་བྱེད་སྒོའི་གཙོ་གཉེར་ཕྱོགས་ཀྱིས“ཨ་ཅེ་ལྷ་མོ”འཁྲབ་སྟོན་དང་ལྷ་མོའི་འཁྲབ་གཞུང་འགྲན་བསྡུར་བྱ་རྒྱུ་དང་རྫོང་ཆུས་18ཀྱི་བརྗོད་དོན་གཙོ་བོའི་ཉིན་མོའི་རིག་རྩལ་སྐོང་འཁྲབ་ཀྱི་བྱེད་སྒོ་སྤེལ་རྒྱུ་མ་ཟད། ད་དུང་སྐབས་གསུམ་པའི“ཇོ་རིའི་ཕོ་ཉ”ཞེས་པའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་འགྲན་བསྡུར་དང་སྐབས་དང་པོའི་ཇོ་མོ་གླང་མའི་ཞིམ་ཟས་དུས་ཆེན། སྐབས་དང་པོའི་བོད་ཀྱི་སྙན་ངག་དུས་ཆེན། སྣོད་བཅུད་རྐང་འཁོར་གྲོང་སྐོར་སོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

    ཧའར་པིན་དུ་འཚོག་རྒྱུའི་ཧེ་ལུང་ཅང་གི་བྱེད་སྒོའི་གཟའ་འཁོར་ནང་གཞིས་རྩེ་གྲོང་ཁྱེར་གྱི་སྤུས་ལེགས་རིག་རྩལ་ལེ་ཚན་གྱི་ཆེད་དོན་འཁྲབ་སྟོན་དང་། གཞིས་རྩེའི་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་སྟོན། གཞིས་རྩེའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན། རྡུལ་ཚོན་དཀྱིལ་འཁོར་བཞེངས་སྟངས་འགྲེམས་སྟོན། ཡིད་དབང་འཕྲོག་པའི་གཞིས་རྩེའི་ཡིག་གཟུགས་དང་པར་རིས་འགྲེམས་སྟོན་སོགས་བྱེད་སྒོ་15ཚུད་པ་ཡོད་པ་དང་གཞིས་རྩེའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་བརྩམས་ཆོས་སྒྱུ་རྩལ་ཧའར་པིན་དུ་འགྲེམས་སྟོན་བྱས་ཏེ་ནང་སའི་མང་ཚོགས་ཀྱིས་བོད་ཀྱི་རིག་གནས་ཀྱི་ཉམས་འགྱུར་མྱོང་རོལ་ཐུབ་པ་བྱ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།