[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷ་སའི་ཚོང་འགུགས་མ་འདྲེན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།

  • ཡོང་ཁུངས།   ​ཤིན་ཧྭ་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-20

    ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་གཅིག་དུས་གཅིག་གི་ལྷ་སའི་ཞོ་སྟོན་རིང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ཏེ་ཁྱོན་གན་འཇོག་རྣམ་གྲངས་45ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་102.05ཟིན་པའི་ནང་དངོས་སུ་གན་རྒྱ་བཞག་པའི་རྣམ་གྲངས་34ཡོད་པར་མ་དངུལ་སྒོར་དུང་ཕྱུར་83.39ཟིན་གྱི་ཡོད་ཅིང་། ཁེ་ལས་ཀྱིས་ལྷ་སར་མ་འཇོག་ལས་དར་བྱ་རྒྱུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཧྥང་ཀུའེ་ལིན་གྱིས“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་བསྟུན་ནས་ས་གཙང་བདེ་ཐང་ཐོན་ལས་སྤུས་སྤོར་རིམ་སྤོར་དང་། རིག་གནས་ཡུལ་སྐོར་ཐོན་ལས་ངོ་མཚར་རབ་ཏུ་བཀྲ་བ། དེང་རབས་ཞབས་ཞུའི་ལས་རིགས་གསར་གཏོད་འཕེལ་རྒྱས་བཅས་བྱུང་ཡོད་ཅེས་བརྗོད་པ་རེད།

    འབྲོག་ལས་རྐྱང་པའི་རྫོང་ཡིན་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་འབྲི་གཡག་གསོ་ཚགས་ལ“ཀུང་སི་དང་རྟེན་གཞི། ཞིང་དུད”བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་པར་ཚན་རིག་ཅན་དང་ཐོན་ལས་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་མངོན་འགྱུར་བྱུང་ནས་ལོ་རེར་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་30ཙམ་ཟིན་གྱི་ཡོད། ཅི་ཡང་ཐང་ཧྥེང་ཧྲེང་ཕིན(པེ་ཅིང)ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་འདམ་གཞུང་རྫོང་དང་མཉམ་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་20རུ་ཉམས་ལེན་ཆེད་སྒྲོམ་འཛུགས་རྒྱུ་ཡིན་ཞིང་། དེ་ཉིན་འདམ་གཞུང་རྫོང་སྲིད་གཞུང་དང་གན་རྒྱ་འཇོག་མཁན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྲེང་ཞའོ་ལིན་གྱིས“བོད་ཀྱི་ཚགས་ཤའི་སྤུས་ཀ་དག་པས་ནང་སའི་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་ལོ་རེ་བཞིན་ཆེ་རུ་འགྲོ་གི་ཡོད་པ་དང་ལྷག་དོན་དུ་འདི་ལོ་ནས་བཟུང་ལྷ་སས་ཁེ་ལས་ལ་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཧ་ཅང་ལེགས་སུ་ཕྱིན་པས་ཁེ་ལས་ཀྱིས་ཀྱང་འདི་གའི་ཐོན་ལས་དང་འབྲེལ་མཐུད་མཉམ་ལས་བྱེད་འདོད་བྱེད་ཀྱི་ཡོད། ང་ཚོས‘ཅི་དབྱང་གནམ་མཚོ་འབྲི་གཡག་ཆེད་སྒྲོམ’བཙུཌ་ཏེ་འགྲེམས་ཚོང་གཉེར་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་བཏོན་ཏེ་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་བཏང་ཞིང་། ཧྥང་ཀུའེ་ལིན་གྱིས་ཁྲལ་འབབ་དང་དངུལ་རྩའི་ཐད། མཐོ་གསར་ལག་རྩལ་དང་། གཉིས་གཏོད། དབུལ་སྐྱོར་སོགས་རྣམ་གྲངས་རིགས་14ལ་མ་འཇོག་བྱས་པར་དཔྱ་ཁྲལ་གྱི་ཚད་གཞི་9%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས་པ་དང་། བོད་ཀྱི་རྒྱུན་སྡོད་མི་འབོར་ལས་ཞུགས་ཐུབ་པའི་མི་གྲངས་ཀྱིས་ལས་བཟོའི་བསྡོམས་འབོར་གྱི་50%ཡན་བཟུང་བའི་ཁེ་ལས་དང་བོད་དུ་གཉེར་སྐྱོང་བྱས་པའི་ཡོང་འབབ་ཀྱིས་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་40%ཡན་ཟིན་པའི་ཁེ་ལས་ཀྱིས་དཔྱ་ཁྲལ་གྱི་ཚད་གཞི་12%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས། མ་འཇོག་མཁན་ལ་བོད་དུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་རག་ཚེ་ཀྲུང་དབྱང་གིས་བོད་ལ་བསྩལ་བའི་གཟིགས་སྐྱོང་དངུལ་བུན་སྐྱེད་ཚད་སྲིད་ཇུས་ལོངས་སུ་སྤྱོད་ཆོག་ཅིང་། རྒྱལ་ཡོངས་ཀྱི་དངུལ་བུན་སྣ་ཚོགས་ཀྱི་གཞི་རྩའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་2ཀྱིས་དམའ་བའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།