[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་འདུ་འགོད་ལས་དམངས་འཚོའི་དྲོ་སྐྱིད་ཚོར།

    ལོ་སྟོད་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱིས་དམངས་འཚོ་ལེགས་གཏོང་ལ་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-20

    ན་ནིང་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི“རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་སྟེ། རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་སྤྱི་འདོམས་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་སྦྲགས། མིག་རྒྱང་ཞིང་འབྲོག་ཁུལ་དུ་ཕྱོགས་ཏེ་རང་སྐྱོང་ལྗོངས་ཀྱིས་དམ་འཛིན་བྱེད་པའི་རྣམ་གྲངས་དང་མ་དངུལ་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་ནས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་མཁོ་སྤྲོད་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དམངས་འཚོ་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

    སྒུལ་ཤུགས་བསྣན་ནས་དམངས་འཚོའི་ཞན་ཆ་གསབ་པ།

    རྣམ་གྲངས་འཛུགས་སྐྲུན་ནི་མ་འཇོག་དོན་འཁྱོལ་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཡར་སྐུལ་བྱེད་པའི་གཞི་རྟེན་གལ་ཆེན་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ལ། ཕུགས་ལ་དམིགས་ནས་ཞན་ཆ་གསབ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་། གྲོང་སྲིད། སྣོད་བཅུད་ཁོར་ཡུག་སོགས་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་འཛུགས་སྐྲུན་གལ་ཆེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། འགག་རྩར་དམ་འཛིན། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གཙོ་བོ་མེད་པ་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི》གཞིར་བཟུང་། རང་སྐྱོང་ལྗོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་78བཀོད་སྒྲིག་བྱས་པ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྣམ་གྲངས་བསྡོམས་འབོར་གྱི་41.3%བཟུང་བ་དང་འཆར་འགོད་མ་དངུལ་སྒོར་དུང་ཕྱུར་2380བཏང་བ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཆར་འགོད་མ་འཇོག་གི་66.4%བཟུང་ཡོད། མིག་སྔའི་བར་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་950བཏང་ནས་རྣམ་གྲངས་ཁག་18ལས་མཇུག་འགྲིལ་བ་དང་། རྣམ་གྲངས་ཁག་27སྐྲུན་བཞིན་པ། དུས་འགོའི་ལས་དོན་སྤེལ་བཞིན་པའི་རྣམ་གྲངས་33ཡོད་པ་རེད།

    འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་47ལ་མ་དངུལ་སྒོར་དུང་ཕྱུར་636.2བཏང་བ་དེས་ལོ་འཁོར་གྱི་འཆར་གཞིའི་61%བཟུང་ཡོད། དེའི་ཁྲོད་ཐོན་ལས་རིགས་ཀྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་377.8བཏང་བ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གི་60%བཟུང་བ་དང་། དམངས་ཁྲོད་མ་འཇོག་22.9%འཕར་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱུང་ཡོད།

    ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཞུང་ལམ་འགྲིམ་འགྲུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ལམ་216ལམ་ཐིག་གི་ཁུལ་མཚམས་ནས་སྒེར་རྩེ་བར་དང་རྒྱལ་ལམ་109ལམ་ཐིག་གི་ནག་ཆུ་ནས་ལྷ་ས་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་33བསྐྱར་དུ་ལས་འགོ་བཙུགས་པ་དང་དུས་མཚུངས་གྲོང་གསེབ་གཞུང་ལམ་གྱི་འཛུགས་སྐྲུན་རྣམ་གྲངས་1639སྤྱི་འདོམས་ལག་བསྟར་བྱས་པར་འཛུགས་སྐྲུན་གཞི་ཁྱོན་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བཏིང་ཡོད།

    ཕྱར་བ་གྲུ་འདེགས་ཀྱིས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་པ།

    ལྷ་སའི་གྲོང་ཁུལ་རྙིང་པ་སེང་གེ་ཤག་སྒོ་རའི་ནང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་སྟར་པ་རེ་རེ་མི་རྣམས་ཀྱི་མིག་ལམ་དུ་འཆར་བ་དང་། 2017ལོའི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་ཉེན་ཡོད་ཁང་པའི་སྒྱུར་བཀོད་ལས་གྲྭའི་ཐད་གནའ་གྲོང་གི་ཉམས་འགྱུར་སོར་འཇོག་གི་རྨང་གཞིའི་ཐོག་རྨང་གཞིའི་སྒྲིག་བཀོད་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཕུར་བཀྲས“2017ལོའི་ལོ་མཇུག་ཏུ་གྲོང་ཁུལ་རྙིང་པའི་ཉེན་ཡོད་ཁང་པ་སྒྱུར་བཀོད་རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་དང་། སྤྱི་ཡོངས་ཀྱི་གནས་ཚུལ་ནས་བལྟས་ཚེ། སྡོང་ཁང་དེ་སྔ་ལས་དཀར་ཆ་དོད་ལ་རྒྱ་ཆེ་བས་མི་སེར་ཚོས་སྒྱུར་བཀོད་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག”ཅེས་བཤད།

    རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མ་18དང་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་1901འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ལྷ་ཉིང་ལྕགས་ལམ་བསམ་གྲུབ་གླིང་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། ལྷ་ས་གོང་དཀར་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་བ། ཕྱོགས་མང་འགྲིམ་འགྲུལ་དྲ་བས་བོད་ཀྱི་གཞི་རིམ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་སེམས་ནུས་ཡོད་རྒུས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། གྲོང་གསེབ་ཀྱི་གློག་དྲ་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་རྣམ་གྲངས་འབྲིང་ཆུང་འཛུགས་སྐྲུན་བྱས་པ་དང་། 2017ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གནས་སྤོའི་དུད་ཚང་8388ཀྱི་མི་གྲངས་34999ཡི་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་དུད་ཚང་7412ཀྱི་མི་30940སྡོད་ཁང་གསར་པར་སྤོས་ཡོད།

    མངའ་རིས་ས་ཁུལ་གྱིས་དྲོད་རླངས་མཁོ་འདོན་དང་། གསོ་རླུང་མཁོ་འདོན། གློག་མཁོ་འདོན་བཅས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ། སློབ་གསོ་དང་ལུས་རྩལ་གྱི་སྤུས་ཚད་མཐོར་གཏོང་། གནད་སྨིན་དབུལ་སྐྱོར། བདེ་ཐང་མངའ་རིས། མངའ་རིས་སུ་ཤར་གཏོང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ཁོར་ཡུག་བཅོས་སྒྲིག གྲོང་ཁྱེར་གྱི་ནུས་པ་ཆེར་གཏོང་། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་བཅས“དམངས་འཚོའི་འདུ་འགོད་ཁག་བཅུར”ཁྱོན་རྣམ་གྲངས་53ཡོད་པ་དང་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་11.4ལ་ཕན་པ་དངོས་ཐོབ་ཡོད།

    ལོ་ལྟར་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་གཏོང་སྒོའི་ཁྲོད་ནས་70%ཡན་དམངས་འཚོར་བཏང་བ་དང་གཙོ་གནད་དེ་ཞིང་འབྲོག་ཁུལ་དང་། གཞི་རིམ། ཉམས་ཞན་ཚོགས་སྤྱི་བཅས་ལ་གཟིགས་སྐྱོང་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བཟང་ཁག་གཅིག་བསྒྲུབས་ནས་ཏང་གི་ཐུགས་ཁུར་མི་རིགས་ཁག་གི་མང་ཚོགས་ཚོས་ཚོར་བ་བྱས་ཡོད།

    གྲངས་གཞི་ལས་མངོན་གསལ། 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིའི》ནང་དམངས་འཚོ་ལེགས་གཏོང་གི་རྣམ་གྲངས་65བཀོད་སྒྲིག་བྱས་པ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་བསྡོམས་འབོར་189ཡི་34.4%བཟུང་བ་དང་། འཆར་འགོད་མ་དངུལ་སྒོར་དུང་ཕྱུར་944བཏང་བ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མ་དངུལ་སྒོར་དུང་ཕྱུར་3586གི་26.3%བཟུང་ཡོད། མིག་སྔའི་བར་དམངས་འཚོ་ལེཌ་གཏོང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་730བཏང་ནས་རྣམ་གྲངས་ཁག་21ལས་མཇུག་འགྲིལ་བ་དང་། རྣམ་གྲངས་ཁག་39སྐྲུན་བཞིན་པ། དུས་འགོའི་ལས་དོན་སྤེལ་བཞིན་པའི་རྣམ་གྲངས་5ཡོད་པ་རེད།

    མཉམ་སྐྲུན་མཉམ་སྤྱོད་ཀྱིས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

    རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོ་ལེགས་གཏོང་དང་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུའི་ཐད་དོན་འཁྱོལ་བྱས་ནས་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ལས་ཞུགས་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རྒན་གསོ། སློབ་གསོ་སོགས་མི་སེར་གྱི་བདེ་སྡུག་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དོན་ཆེན་ཐད་ཐབས་ཤེས་དངོས་འདོན་པ་དང་། དཀའ་གནད་སེལ་བ། བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་འཚོའི་འབྱུང་འགྱུར་ལ་སྔར་བས་རྨང་གཞི་བཏིང་ཡོད།

    རང་སྐྱོང་ལྗོངས་ཀྱི《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད》ནང་ཁྱོན་མ་དངུལ་སྒོར་དུང་ཕྱུར་2296.6བཀོད་སྒྲིག་བྱས་ནས་རྫོང་མན་ཆད་ནས་གྲོང་ཚོའི་དུད་ཚང་བར་གྱི་ཆུ་གློག་ལམ་གསུམ་དང་། འཕྲིན་གཏོང་། དྲ་བ། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། འགན་ལེན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་གང་མགྱོགས་ལག་ལེན་བསྟར་ཏེ་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་འཐུང་ཆུ་དཀོན་པ་དང་། འགྲོ་སྐྱོད་སྟབས་བདེ་མེད་པ། གློག་དཀོན་པ། ནད་གཞི་ལྟ་དཀའ་བ་སོགས་ཀྱི་དམངས་འཚོའི་གནད་དོན་ཕྱོགས་ཡོངས་ནས་ཞི་ལྷོད་དུ་བཏང་ཡོད།

    འདི་ལོ་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་དེ་སྟོན་དུས་སློབ་དུས་ནས་བཟུང་སྒོར་240བར་སྤོར་རྒྱུ་ཡིན་པས་ལོར་སློབ་མ་རེར་ཆ་སྙོམས་སྒོར་3720ཟིན་རྒྱུ་རེད། གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ། ཆབ་མདོ་བཅས་ཀྱི་གྲོང་ཁྱེར་མི་དམངས་སྨན་ཁང་སྔ་རྗེས་སུ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་བཏོད་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་སྒོར་65ནས་སྒོར་75བར་སྤར་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐད་ཀྱི་རིམ་ཁག་སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་475ནས་སྒོར་515བར་སྤར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་750དང་མི་རེར་ལོ་རེར་སྒོར་3840བར་སོ་སོར་སྤར་བ་བཅས་རེད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་གལ་ཆེན་ཚང་མར་སྐུལ་མ་ཏན་ཏིག་གཏོང་བ་དང་འཕེལ་རྒྱས་བརྟན་པོ་འགྲོ་བཞིན་ཡོད་པ་དང་མི་སེར་མང་པོའི་འཚོ་བ་དང་དམངས་འཚོ་དང་འབྲེལ་བ་ཡོད་པའི་འདུ་འགོད་རེ་རེ་བཞིན་རྩ་བ་ཚུགས་ནས་འབྲས་བུ་སྨིན་བཞིན་ཡོད་པས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།