[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལང་ཚོའི་བཀྲག་མདངས་འཚེར་བ།

    —— སློབ་ཆེན་ཐོན་པའི་སློབ་མ་ཡོན་ཏན་ཕུན་ཚོགས་ཀྱི་ལས་ཞུགས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-19

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནས་ཡིན་པའི་ཡོན་ཏན་ཕུན་ཚོགས་2016ལོར་བོད་ལྗོངས་སློབ་ཆེན་ནོར་དཔལ་སློབ་གླིང་ནས་ཐོན་རྗེས་ལྷ་ས་གནས་མཆོག་སྣོད་བཅུད་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་དངུལ་གཉེར་པ་བྱས། ལས་ཞུགས་ཐུབ་རྗེས་ཡོན་ཏན་ཕུན་ཚོགས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མ་བྱས་པར་དུས་དང་རྣམ་པ་ཀུན་ཏུ་དོ་དོ་ནན་ནན་གྱིས་ལས་དོན་ཁག་ཡག་པོ་བསྒྲུབས་པས། དུས་ཐུང་ལོ་གཉིས་ནང་ཀུང་སིའི་གཙོ་གནད་གསོ་སྐྱོང་གི་ཤེས་ལྡན་མི་སྣའི་གྲས་སུ་གྱུར་ཡོད།

    རང་ཉིད་ཀྱི་ལས་ཀའི་སྐོར་གླེང་སྐབས་ཡོན་ཏན་ཕུན་ཚོགས་ཀྱིས་རང་ཉིད་ནི་སྤྱིར་བཏང་གི་ལས་མི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་རུང་སློབ་གྲོགས་དང་གྲོགས་པོའི་མིག་ནང་ཁོང་ནི་འཇོན་ཐང་ཆེ་བའི་མི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཅིག་ནས་བརྗོད་ན་ཁོང་སློབ་ཆེན་ཐོན་མ་ཐག་རང་ཉིད་ཀྱི་བློ་ལ་བབས་པའི་ལས་ཀ་ཞིག་རག་པ་དང་། ཕྱོགས་གཞན་ཞིག་ནས་བརྗོད་ན་ཁོང་ནི་སྤྱིར་བཏང་གི་མི་ཞིག་ལྟར་ཉིན་ལྟར་གྱི་ལས་ཀ་ཧུར་ཐག་བསྒྲུབས་པ་ལས་བྱ་གཞག་ཆེན་པོ་སྒྲུབ་མཁན་ཞིག་མིན་པ་ལྟར་སྣང་། གང་ལགས་ཤེ་ན། ཁོང་ཚོའི་སེམས་ནང་ཡོན་ཏན་ཕུན་ཚོགས་ཀྱིས་བྱ་གཞག་ཆེན་པོ་ཞིག་བསྒྲུབས་ཚེ་གཞི་ནས་ཁོང་ཚོའི་སེམས་ནང་གི་ཕུལ་བྱུང་གི་ཡོན་ཏན་ཕུན་ཚོགས་ཤིག་མངོན་གྱི་ཡོད།

    ཚང་མས་ང་ལ་བྱ་བ་གང་ཞིག་བསྒྲུབས་ཀྱང་རང་ཉིད་ལ་དམིགས་བསལ་གྱི་བསམ་བློ་ལྡན་འདུག་ཅེས་བརྗོད་ཀྱི་ཡོད། དོན་དངོས་ཐོག་ལས་དོན་གང་ཞིག་བསྒྲུབས་ཀྱང་ཏན་ཏན་ཏིག་ཏིག་དང་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས”ཞེས་ཡོན་ཏན་ཕུན་ཚོགས་ཀྱིས་བཤད། སེམས་ཆུང་དང་བབ་བརླིང་གི་གཤིས་ཀ་ལྡན་པའི་ཡོན་ཏན་ཕུན་ཚོགས་ཀྱིས་མི་གཞན་འབྱུང་འགྱུར་ལ་གདེང་ཚོད་མེད་པ་དང་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་ཁོང་གིས་སྔ་ས་ནས་འཆར་གཞི་བཀོད་ཟིན་པ་དང་རིམ་གྱིས་ཕུགས་འདུན་གྱི་ལམ་བུར་བསྐྱོད་འགོ་ཚུགས།

    སློབ་གྲྭ་མ་ཐོན་གོང་། ཡོན་ཏན་ཕུན་ཚོགས་ཀྱིས་སྔ་ས་ནས་རང་ཉིད་ཀྱི་བློ་ལ་བབས་པའི་འཕེལ་རྒྱས་ཀྱི་མདུན་ལམ་དང་། མི་སྤྱོད་ཀྱི་ལམ་ལུགས། ཁེ་ལས་ཀྱི་རིག་གནས། མི་དང་མིའི་དབར་གྱི་འབྲེལ་བ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཀུང་སིའི་གདན་ཞུའི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱས་ཏེ་ཡིག་རྒྱུགས་དང་ངོ་རྒྱུགས་ཀྱི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་གྲ་སྒྲིག་ནན་ཏན་བྱས། གོ་སྐབས་ནི་གྲ་སྒྲིག་ལྡན་མཁན་ལ་དབང་ཞེས་པ་ལྟར། 2016ལོའི་ཟླ་5པར་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཡོན་ཏན་ཕུན་ཚོགས་ལྷ་ས་གནས་མཆོག་སྣོད་བཅུད་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིར་ལས་ཞུགས་ཐུབ་ཡོད།

    ལས་ཀར་སྔ་ཙམ་གོམས་ཆེད། ཡོན་ཏན་ཕུན་ཚོགས་ཀྱིས་དུས་ཚོད་འཕར་མ་སྤྱད་ནས་ཀུང་སིའི་སྒྲིག་སྲོལ་དང་དེ་བཞིན་ལམ་ལུགས་ཁག་སློབ་སྦྱོང་བྱས་པས་ལས་ཀ་ཁག་གོམས་ཐུབ་པ་བྱུང་ཡོད། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་རུང་དེར་ཡིད་ཚིམས་ནས་མ་བསྡད་པར་མུ་མཐུད་འབད་བརྩོན་བྱས། ལས་དོན་ཁག་ནན་ཏན་ངང་ལེགས་སྒྲུབ་བྱས་རྗེས་ཁོང་གིས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་ཆེད་ལས་ཤེས་བྱ་དང་དེ་མིན་ལས་སྒོའི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ཁར། ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་རོགས་དང་ལས་རོགས་རྒན་རབས་ཀྱི་ས་ནས་སློབ་སྦྱོང་དང་འཚོལ་ཞིབ་བྱས་ཏེ་རང་ཉིད་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་དང་ཤེས་རྒྱ་ཆེ་རུ་གཏོང་གི་ཡོད།

    ཁེངས་སྐྱུང་དང་འབད་བརྩོན་ཆེ་བའི་ཁོང་གིས་རང་ཉིད་ཀྱི་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ངོ་མཚར་གཏོད་བཞིན་མཆིས། ཡོན་ཏན་ཕུན་ཚོགས་ནི་སྤྱིར་བཏང་གི་མི་ཞིག་ཡིན་རུང་། ཁོང་གི་ལས་ཀ་ཧུར་ཐག་སྒྲུབ་པའི་གཤིས་རྒྱུད་ལས་ལང་ཚོའི་བཀྲག་མདངས་འཚེར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།