[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱས་ཏེ་མི་སེར་ལ་ཐོབ་ཚོར་དེ་བས་ཆེ་བ་ཡོང་བར་བྱས་པ།

    བོད་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དམངས་འཚོ་འཕེལ་རྒྱས་ཀྱི་གྲུབ་འབྲས་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་དམངས་འཚོའི་བྱ་གཞག་ཁག་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གླེང་མང་བའི་བརྗོད་གཞིར་གྱུར་ཡོད།

    མི་དམངས་བདེ་སྐྱིད་ཡོང་བར་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ།

    “མི་དམངས་ལ་བདེ་སྐྱིད་ཡོང་བར་བྱེད་པ་ནི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དེ་རེད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་སྒོར་སྒོར་གྱིས་ཕྱོགས་གསུམ་གྱི་ཐད་ནས་དེའི་སྐོར་རྒྱས་བཤད་གནང་ཞིང་། ཁོང་གིས་གཅིག་ནི་མི་སེར་གྱི་དངུལ་སྨར་ཡོང་འབབ་མང་དུ་སོང་ཡོད། 2012ནས་2017ལོ་བར་ལྷ་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་19545ནས་སྒོར་32321བར་འཕར་ནས་འཕར་ཚད་65.3%ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7082ནས་སྒོར་13108བར་འཕར་ནས་འཕར་ཚད་85.1%ཟིན་པ། གཉིས་ནི་མི་སེར་གྱིས་དོ་ཁུར་ཆེ་ཤོས་བྱེད་པའི་སློབ་གསོའི་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད། སློབ་གསོའི་མ་འཇོག་གིས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་20%ཡན་ཟིན་པ་དང་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་བྱང་ཚད་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་གྱིས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལེགས་ཆ་འདོན་སྤེལ་བྱས་ཏེ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15ཡི་རིང་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་པས་ན་ནིང་ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་ལ་ཡིག་ཚད་ལོན་ཚད་97.8%ཟིན་པ། གསུམ་ནི་བདེ་ཐང་ལྷ་སའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་2012ལོ་ལས་སོ་སོར་57%དང་77%ཆག་ཡོད། མི་སྟོང་རེར་སྨན་བཅོས་སྒྲིག་གཞིའི་ནད་ཁྲི་5.56དང་འཕྲོད་བསྟེན་ལག་རྩལ་མི་སྣ་7.64ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྤྱིར་མཚུངས་ཡོད་ཅེས་གསུངས།

    བདེ་ཐང་འགན་ལེན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

    “མིག་སྔར‘ནད་གཞི་ཚབས་ཆེན’རིགས་266རང་སྐྱོང་ལྗོངས་ནང་ཁུལ་དུ་བཅོས་ཐུབ་པ་དང‘ནད་གཞི་འབྲིང་གྲས’རིགས་1726ས་ཁུལ་དང་གྲོང་ཁྱེར་དུ་བཅོས་ཐུབ་པ། རྫོང་རིམ་པའི་སྨན་ཁང་གིས་རྒྱུན་མཐོང‘ནད་གཞི་ཆུང་གྲས’བཅོས་ཐུབ་ཀྱི་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཚེ་རིང་དབྱང་འཛོམས་སྨན་པ་བྱས་ནས་ལོ་22ཕྱིན་པ་དང་རང་ལྗོངས་དང་ལྷག་དོན་དུ་ཆབ་མདོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་མྱོང་ཚོར་ཧ་ཅང་ཟབ་མོ་ཡོད་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཐུགས་ཁུར་གཟབ་བཞེས་གནང་ནས་སྨན་བཅོས་ཞབས་ཞུ་དང་། ལམ་ལུགས་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལ་བོད་ལ་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་མང་པོ་བཏོན་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལག་བསྟར་བྱས་ཏེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསུངས།

    ཚེ་རིང་དབྱང་འཛོམས་ཀྱིས་གསར་འགོད་པར་རྒྱལ་ཡོངས་དང་འདྲ་བར་ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ“ནད་གཞི་འབྲིང་གྲས”རིགས་115གྲོང་ཁྱེར་ནང་ཁུལ་དུ་བཅོས་ཐུབ་པ་དང་རྫོང་རིམ་པའི་སྨན་ཁང་དུ་རྒྱུན་མཐོང“ནད་གཞི་ཆུང་གྲས”ཁག་གཅིག་བཅོས་ཐུབ་ཀྱི་ཡོད་ཅེས་གསུངས།

    དགེ་རྒན་རྒན་གྲས་ཤིག་གི་མིག་ནང་གི་བྱ་བ་གསར་པ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས་གཞི་རིམ་དུ་རྒྱ་ཡིག་དགེ་རྒན་བྱས་ནས་ལོ་27སོང་ཡོད། ཁོང་གིས་གསར་འགོད་པར་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་60ལྷག་ཙམ་སོང་རིང་། ཆབ་མདོའི་སློབ་གསོའི་བྱ་གཞག་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་མདོའི་སློབ་གསོར་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། “ལྷག་པར་དུ་ཉེ་བའི་ལོ་གཉིས་རིང་རྒྱལ་ཁབ་ཀྱི‘འགན་ལེན་གསུམ’སོགས་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཛིན་གྲྭ་མང་དུ་ཕྱིན་པ། སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ལྟ་སློབ་གྲྭ་ཡོངས་ལ་སློབ་མ་2000ལྷག་ཙམ་དང་དགེ་རྒན་120ལྷག་ཙམ་ཡོད”ཅེས་གསུངས་པ་དང་། ཁོང་གིས་ཉེ་བའི་ལོ་གཉིས་རིང་སློབ་གསོའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ནང་སའི་བོད་ལྗོངས་འཛིན་གྲྭར་ཡིག་ཚད་ལོན་མཁན་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཆབ་མདོ་སློབ་ཆུང་དང་པོ་ཁུལ་ཡོངས་སུ་མིང་གྲགས་ཅུང་ཆོད་ཡོད། འཚོ་བའི་ཆ་རྐྱེན་ཡག་ཏུ་ཕྱིན་པ་དང་ཆབས་ཅིག་ད་ཆ་ཞིང་འབྲོག་མང་ཚོགས་ཀྱིས་ཕྲུ་གུའི་སློབ་གསོར་དོ་ཁུར་ཆེན་པོ་བྱེད་པ་དང་ཕྲུ་གུ་གྲོང་ཁྱེར་དུ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་ཡག་པོ་ཐུབ་ཆེད་ཁྱིམ་བདག་གིས་ཆེད་མངགས་ཆབ་མདོ་གྲོང་ཁྱེར་དུ་ཁང་པ་བོགས་མར་བླངས་ནས་སྡོད་ཀྱི་ཡོད་པ་དེ་དགེ་རྒན་རྒན་གྲས་བཀྲ་ཤིས་ཀྱི་མིག་ནང་གི་བྱ་བ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    ད་ལྟའི་འཚོ་བ་ཡག་པོར་གཅེས་སྤྲས་བྱེད་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཨུ་ཡོན་མི་དམངས་དྲག་ཆས་པུའི་པུའུ་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་ལ་སྲིད་ཇུས་ཀྱི་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་བས་ང་ཚོ་མཐའ་མཚམས་མི་རིགས་ས་ཁུལ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་སོང་། ད་ཆ་ང་ཚོ་བོད་ཀྱི་ཕྲུ་གུ་སློབ་གྲྭར་སྐྱོད་པར་སློབ་ཡོན་སྤྲོད་མི་དགོས་པ་དང་། ནད་གཞི་ཕོག་རུང་བཅོས་མི་ཐུབ་པའི་སེམས་ཁྲལ་མེད་པ། ནད་གཞི་བཅོས་རྗེས་སྨན་རིན་རྩིས་ཞུ་བྱེད་པ། ཕྱིར་སྐྱོད་སྐབས་སྣུམ་ནག་ལམ་ཡོད་པ། ཕན་ཚུན་འབྲེལ་བ་བྱེད་པར་ལག་ཐོགས་ཁ་པར་ཡོད་པ། དུད་ཚང་ཚང་མར་གློག་ཆས་ཡོད་པ། ས་ཞིང་འདེབས་པར་ཁ་གསབ་ཡོད་པ། མཐའ་མཚམས་མི་སེར་ལ་ཁ་གསབ་ཡོད་པ། རྒན་གསོའི་འགན་ལེན་ཡོད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པས་རྒན་རབས་ཚོས་འཚོ་བ་ཡག་པོ་འདི་ལྟ་བུ་སྐྱེལ་རྒྱུ་ཡོང་གི་རེད་སྙམ་པ་རྨི་ལམ་ལའང་གཏོང་མྱོང་མེད་ཅེས་བརྗོད་ཀྱི་ཡོད། ཚང་མའི“རང་ཉིད་ཀྱིས་བརྟན་ལྷིང་ཡོང་བར་བྱེད་པའི”འདུན་པ་ཧ་ཅང་དྲག་པོ་ཡོད་པས་ཚང་མས་ད་ཆའི་འཚོ་བ་ཡག་པོར་གཅེས་སྤྲས་ལྷག་པར་བྱེད་ཀྱི་ཡོད་ལ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབྱུང་འགྱུར་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།