[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ།

    འབད་འབུངས་ཆེར་སྐྱེད་ཀྱི་བསམ་བློར་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

     དགུན་སྟོད་དུ་གངས་ལྗོངས་ས་མཐོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཀྱི་དྲོད་རླུང་ཞིག་ལྡང་བས་མི་སེམས་དྲོ་བར་བྱས་ཤིང་། མི་རྣམས་ཀྱི་ལས་ཀའི་ངར་ཤུགས་ཀྱང་འཕེལ་ཡོད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་རེད།

    ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་སྲིད་གྲོས་དང་། རྩ་འཛུགས་པུའུ། བསྡོམས་རྩིས་ཅུས། སློབ་གསོ་ལས་དོན་ཨུ་ལྷན(སློབ་གསོ་ཐིང) ཚོང་དོན་ཐིང་། གཞུང་རྒྱུ་ཨུ་ལྷན། འཕྲིན་གཏོང་དོ་དམ་ཅུས། དབུལ་སྐྱོར་གཞུང་ལས་ཁང་། བདེ་འཇགས་ཐིང་སོགས་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གདན་དྲངས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་སྙན་ཞུར་སློབ་སྦྱོང་བྱས་ཡོད། བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་ནང་དོན་ཕུན་སུམ་ཚོགས་པ་དང་། དོན་ཟབ་ལ་རྟོགས་སླ་བ་དང་གཙོ་གནད་མངོན་གསལ་དོད་པ། གོ་རིམ་ལྡན་ལ་ཆ་ཚང་བ་དང་དགོངས་དོན་ཁོང་དུ་ཆུད་པ་བཅས་ཀྱི་སྒྲོག་འགྲེལ་དེར་ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཀྱང་ལྡན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་བརྟན་པོ་ཆུད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གོམ་སྟབས་རྗེས་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྔར་བས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུར་བཀོད་སྒྲིག་བྱས་པ་མ་ཟད། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྡུད། སློབ་སྦྱོང་གཏིང་ཟབ་དང་རྦད་དེ་ཁོང་དུ་ཆུད་པར་ཤུགས་རྒྱག་དགོས་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་དྲིལ་བསྒྲགས་སྐུལ་སློང་ཐད་ཤུགས་རྒྱག་དགོས་པ། དར་ཆ་མཐོར་པོར་སྒྲེང་བ་དང་སྦྱངས་པ་གོ་ཆོད་ཡོང་བ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་དགོས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་པའི་གྲུབ་འབྲས་ལས་ཀའི་སྒུལ་ཤུགས་སུ་བྱས་ཏེ་འབད་འབུངས་ཆེར་སྐྱེད་ཀྱི་བསམ་བློར་བརྟེན་ནས་ལོ་ཧྲིལ་པོའི་ལས་དོན་ཁག་གི་དམིགས་ཚད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གཙང་རལ་སྡེ་ཁུལ་གྲོང་ལྷན་གྱི་སྒོ་རའི་ནང་མིས་ཁེངས་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་དང་ཧྲི་ཀྲང་སྒོར་སྒོར་གྱིས་དེ་གར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བཞིན་ཡོད་པ་རེད། སྒྲོག་འགྲེལ་ཉན་རྗེས་ལོ་70ལ་སླེབས་པའི་བགྲེས་སོང་སྟོབས་རྒྱལ་གྱིས“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་མི་སེམས་ལ་གཏིང་ཟབ་ཟུག་པ་ཞིག་འདུག དེ་རིང་ཧྲི་ཀྲང་སྒོར་སྒོར་ལགས་ཀྱིས་ང་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ང་ཚོའི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པ་ཤེས་བྱུང་། ཏང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག སླད་ཕྱིན་ང་ཚོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དེ་བས་ལེགས་པའི་འཚོ་བ་ཞིག་བསྐྲུན་རྒྱུ་ཡིན”ཞེས་སེམས་འགུལ་ཆེན་པོས་བཤད། “ཏང་ཡོན་ཞིག་དང་ལས་བྱེད་པ་ཞིག་ཡིན་པའི་ངས་དང་ཐོག་མང་ཚོགས་ཀྱི་ཆེད་དུ་བསམ་བློ་མང་ཙམ་གཏོང་གི་ཡིན། དེ་རིང་ཧྲི་ཀྲང་སྒོར་སྒོར་ལགས་ཀྱི་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་ཉན་རྗེས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་ཚད་སྔར་བས་ཟབ་ཏུ་ཕྱིན་སོང་བས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང”ཞེས་གཙང་རལ་སྡེ་ཁུལ་གྱི་དྲིལ་བསྒྲགས་ཨུ་ཡོན་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས་བཤད།

    ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་ཚོགས་མི་འདྲ་བར་གཞིགས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དྲིལ་བསྒྲགས་ལས་དོན་སྤེལ་ཡོད། ལས་བྱེད་ལས་བཟོར་དམིགས་ནས་ཀྲི་པུའི་ཚོགས་འདུ་དང་ཟླ་རེའི(གཟའ་འཁོར)འཆར་ཅན་ཚོགས་འདུ་སོགས་གཞི་རྟེན་དུ་བྱས་ཏེ“སྐར་མ་ལྔའི་སློབ་ཚན”གྱི་བྱེད་སྒོ་སྤེལ་བས་ལས་བྱེད་ལས་བཟོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཉམས་མྱོང་དང་ཉེ་འགྲམ་དུ་ཐོན་པའི་འགྱུར་ལྡོག་བཟང་པོ་སོགས་གླེང་རེས་བྱས་སྟབས། སློབ་ཁྲིད་ལས་སློབ་སྦྱོང་ལ་སྐུལ་འདེད་དང་སློབ་ཁྲིད་ལས་སྒྲོག་འགྲེལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་ཡོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དམིགས་ནས་གྲོང་སྡོད་ལས་བྱེད་པ་དང་མང་ཚོགས་ཏང་ཡོན་སྐུལ་སློང་གིས་ཞིང་དང་མུ་ཁར་བསྐྱོད་དེ“གཅིག་འདྲི་གཅིག་འདེབས”དང་ཅི་འཕྲོས་མོལ་འཕྲོས་སོགས་ཀྱི་བྱེད་སྟངས་སྤྱད་ནས་དྲིལ་བསྒྲགས་བྱས་པ་དང་། གཞོན་ནུ་ལོ་ཆུང་སློབ་མར་དམིགས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་། དཔེ་དེབ་དང་རི་མོ་འགྲེམས་སྟོན། གླུ་གཞས་འགྲན་བསྡུར་སོགས་ཀྱི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་དམིགས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་སྒྲིག་འཛུགས་བྱས་ཏེ་མྱོང་ཚོར་བཤད་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་འགྲེལ་བཤད་དང་དྲིལ་བསྒྲགས་བྱས་པ། རྒན་ཞན་ནད་སྐྱོན་རིགས་བཞི་དང་སྦྲུམ་མ་སོགས་ཉམས་ཞན་ཚོགས་སྤྱིར་དམིགས་ནས་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བཅས་ཁོང་ཚོ་དང་འབྲེལ་བ་ཟབ་མོ་ཡོད་པའི་འབྲེལ་ཡོད་སྲིད་ཇུས་བྱེད་ཕྱོགས་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དང་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་ལུགས་གསལ་པོར་ཤེས་པར་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།