[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡངས་པའི་རྩྭ་ཐང་སྟེང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ།

    ​ འདམ་གཞུང་རྫོང་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་གུང་ཁྲན་ཏང་ཡོན་ཆོས་དགའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-18

    5.jpg

    འདི་ནི་རྩྭ་ཐང་ཐོག་ཕྱུགས་རིགས་འཚོ་བཞིན་པའི་ཆོས་དགའ་ཡིན་པ།

    འབྲི་གཡག་བཤས་གཏོང་ཚད་མཐོ་རུ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་ཆེད་ཁོང་གིས་ནང་ས་ནས་ཕྱུགས་རིགས་རྒྱགས་གསོའི་ལག་རྩལ་གྲོང་ཚོར་ནང་འདྲེན་བྱས།

    རྩྭ་ཕྱུགས་དོ་སྙོམས་ལ་སྐུལ་འདེད་གཏོང་བ་དང་རྩྭ་རར་གཏོར་སྐྱོན་ཕོག་ཤུགས་ཆུང་དུ་གཏོང་ཆེད་ཁོང་གིས་ཡུལ་མི་ཚོ་དང་རྩོད་གླེང་མ་བྱས་པར་རང་ཁྱིམ་གྱི་ལུག་ཚང་མ་བཙོངས།

    གྲོང་མི་ཚོ་ཕྱུགས་འཚོ་རྒྱུར་སྟབས་བདེ་བསྐྲུན་ནས་ཡུལ་མི་ཚོ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་ཆེད་ཁོང་གིས་རང་ཁྱིམ་གྱི་རྩྭ་ར་རིན་མེད་ངང་གྲོང་མི་ཚོར་སྤྱོད་དུ་བཅུག་པ་སོགས་ཡུལ་མི་ཚོར་ཕན་པའི་བྱ་བ་དངོས་དང་བཟང་པོ་མང་དག་བསྒྲུབས་ཡོད་པ་རེད།

    ཁོང་ནི་འདམ་གཞུང་རྫོང་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་ཚོགས་ཆུང་8པའི་ཏང་ཡོན་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཆོས་དགའ་རེད།

    2006ལོར་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ལེགས་སུ་གཏོང་ཆེད་རང་ལྗོངས་ཀྱི་ཞིང་འབྲོག་པའི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་རམ་འོག་ཆོས་དགས་ཞིང་ལས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་10གཡར་ཏེ་མཚོ་སྔོན་དང་ཀན་སུའུ་རུ་ཚགས་ཤ་འཚོང་བའི་ཚོང་བརྒྱབ་པ་རེད།

    སྟེས་དབང་གི་གོ་སྐབས་ཤིག་དང་བསྟུན་ནས་ཁོང་གིས་ནང་སའི་ཕྱུགས་རིགས་དུས་ཐུང་རྒྱགས་གསོའི་ཉམས་མྱོང་ཤེས་རྟོགས་ཐུབ་པས་སྤྱང་གྲུང་དོད་པའི་ཁོང་གིས་བོད་ཀྱི་འབྲི་གཡག་གསོ་ཚགས་ཁྲོམ་རའི་ཐོག་གི་མི་མངོན་པའི་ཚོང་གི་གོ་སྐབས་ཡག་པོ་སྤྱོད་རྒྱུའི་བསམ་གཞིག་བྱས་པ་རེད།

    ཆོས་དགས་ཀན་སུའུ་རུ་ས་གནས་དེ་གའི་གསོ་ཚགས་དུད་ཚང་མང་པོ་ཞིག་གིས་ཕྱུགས་རིགས་དུས་ཐུང་རྒྱགས་གསོ་བྱས་ནས་ཕྱུགས་རིགས་དུས་ཐུང་ནང་རྒྱགས་སུ་འགྲོ་ཐབས་བྱས་ཏེ་ཁྲོམ་རའི་ཐོག་གོང་ཡག་པོ་རག་ཐབས་བྱེད་ཀྱི་འདུག དེ་ལས་ང་ལ་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་པ་བརྒྱུད་སྲོལ་རྒྱུན་གྱི་གསོ་ཚགས་བྱ་ཐབས་ལ་འགྱུར་ལྡོག་བཏང་སྟེ་ཕ་ཡུལ་གྱི་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུའི་བསམ་བློ་འཁོར་བྱུང་ཞེས་བརྗོད།

    ཕ་ཡུལ་དུ་ལོག་རྗེས་ཆོས་དགས་རང་ཁྱིམ་གྱི་འབྲོག་རར་ཕྱུགས་རིགས་རྒྱགས་གསོའི་ཚོད་ལྟ་བྱེད་འགོ་ཚུགས།

    ཉམས་མྱོང་མི་འདང་བའི་དབང་གིས་ཆོས་དགས་དང་ཐོག་ཚོད་ལྟའི་རང་བཞིན་གྱི་སྒོ་ནས་འབྲི་གཡག་རེ་གཉིས་རྒྱགས་གསོ་བྱས་པ་དང་འབྲེལ་ཁ་ཐོར་གསོ་ཚགས་བྱས་པའི་འབྲི་གཡག་དང་བསྡུར་བ་བྱས་པ་རེད། མ་བསྡུར་གོང་ལ་ཧ་མི་གོ་བ་དང་བསྡུར་བའི་རྗེས་སུ་ཧང་རེ་སངས་པར་གྱུར་ཅིང་། “ཉིན་བརྒྱ་རྒྱགས་གསོ་བྱས་པ་བརྒྱུད་འབྲི་གཡག་གི་རྒྱགས་སུ་མངོན་གསལ་དོད་པོ་ཕྱིན་སོང་། བཙོངས་རྗེས་འབྲི་གཡག་གཅིག་ལ་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་མང་བ་རག་གི་འདུག”ཅེས་ཚོད་ལྟ་ལེགས་གྲུབ་བྱུང་རྗེས་ཆོས་དགས་དགའ་ཚོར་ཆེན་པོའི་ངང་དེ་ལྟར་བརྗོད།

    དེ་རྗེས་ལོ་ལྟར་འབྲི་གཡག་རྒྱགས་གསོའི་མགོ་གྲངས་མང་དུ་བཏང་བས་བཤས་གཏོང་ཚད་ཀྱང་རིམ་གྱིས་མཐོ་རུ་ཕྱིན་ཡོད་ཅིང་། 2016ལོར་འབྲི་གཡག་མགོ་གྲངས་22རྒྱགས་གསོ་ཐུབ་པ་དང་མགོ་གྲངས་22བཤས་གཏོང་བའི་གཞི་ཁྱོན་ཆགས་ཡོད་པ་རེད།

    ཆོས་དགས་སྟོད་གླིང་གྲོང་ཚོ་ནི་འབྲོག་པ་འབྲོག་རྐྱང་གི་གྲོང་ཚོ་ཞིག་རེད། དུས་ཡུན་རིང་པོའི་ནང་གྲོང་ཚོའི་ནང་ཕྱུགས་རིགས་གསོ་ཚགས་བྱེད་རྒྱུ་ཚང་མ་རྩྭ་ཐང་ཐོག་འཚོ་རྒྱུ་དེ་རེད། རྩྭ་ཁ་བཟང་སྐབས་འབྲི་གཡག་ཤ་ཤེད་རྒྱས་པ་དང་། རྩྭ་ཁ་ཞན་པའི་སྐབས་སུ་འབྲི་གཡག་ལྟོགས་པར་སྡོད་རྒྱུ་ལས་མེད། ལོ་གཅིག་ནང་སྐབས་རེ་རྒྱགས་པ་ཆགས་པ་དང་སྐབས་རེ་བཀྲེས་པས་ཧ་ལམ་ཤ་ཤེད་སྐྱོ་པོ་ཆགས་ཀྱི་ཡོད། འབྲི་གཡག་མང་ཆེ་བ་གཟུགས་སྟོབས་དེ་ཙམ་ཆེན་པོ་མེད་པ་དང་བཤས་གཏོང་ཚད་དམའ་པོ་ཡིན་སྟབས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་དེ་ཙམ་མེད་ཅེས་བརྗོད།

    འབྲི་གཡག་རྒྱགས་གསོ་བྱས་པར་བརྟེན་ཆོས་དགའི་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་ཕྱིན་མོད། འོན་ཀྱང་ཁོང་གིས་རང་ཉིད་གཅིག་པུའི་དོན་དུ་བསམ་བློ་མི་གཏོང་བར་ད་དུང་ཡུལ་མི་ཚོའི་ཡོང་འབབ་ཐད་ལའང་བསམ་བློ་ཞིབ་མོ་གཏོང་གི་ཡོད་པ་རེད།

    གྲོང་མི་ཚོར་འབྲི་གཡག་རྒྱགས་གསོའི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་རྒྱུར་སྔར་བས་རོགས་རམ་བྱས་ནས་དབུལ་པོའི་གནས་ལས་སྔ་ཙམ་སྒྲོལ་ཐུབ་པ་བྱེད་ཆེད་ཆོས་དགས་འབད་བརྩོན་ཆེན་པོས་ཡུལ་མི་ཚོར་དུས་ཐུང་རྒྱགས་གསོའི་ཉམས་མྱོང་བསླབས་པ་དང་འབྲེལ་ཁོང་ཚོས་བཤས་གཏོང་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་པ་རེད།

    དེ་དང་ཆབས་ཅིག་ཆོས་དགའི་སེམས་ནང་དེ་བས་ཆེ་བའི་རེ་འདུན་ཞིག་ཡོད་པ་སྟེ། ཁོང་གིས་གཟབ་ནན་ངང་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་བ་དེ་རེད།

    2013ལོར་ཆོས་དགའ་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཞིག་ཏུ་གྱུར་ནས་ལོ་མང་རིང་གི་ཁོང་གི་རེ་འདུན་གྲུབ་ཡོད་ལ་ཁོང་གིས་ཡུལ་མི་ཚོར་བྱ་བ་དངོས་དེ་བས་མང་བ་བསྒྲུབས་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་དེ་བས་ཧུར་ཐག་བསྐྱོད་ཡོད་པ་རེད།

    ལོ་དེར་ཁོང་གིས་རང་ཁྱིམ་གྱི་ལུག་400ལྷག་ཙམ་ཚང་མ་བཙོངས་པ་དང་། ལོ་མཇུག་ཏུ་སླར་ཡང་རང་ཁྱིམ་གྱི་རྩྭ་ར་མུའུ་3819ཡོད་པ་དེ་རིན་མེད་ངང་གྲོང་ཚོ་གཞན་དག་གི་གྲོང་མི་ཕྱུགས་འཚོ་རུ་བཅུག་པ་རེད།

    འབྲོག་ཁུལ་གྱི་འབྲོག་པ་ཕལ་ཆེ་བའི་ངོས་ནས་བརྗོད་ཚེ་ཕྱུགས་རིགས་དང་རྩྭ་ར་ནི་ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ཡིན་མོད། འོན་ཀྱང་ཆོས་དགས་དེ་དག་ལ་སྣང་འཇོག་དེ་ཙམ་བྱེད་ཀྱི་མེད། རང་ཉིད་ལོ་ཁ་ཤས་གོང་དུ་ཕྱི་ཕྱོགས་སུ་ཚོང་རྒྱག་པར་སྐྱོད་མྱོང་ལ་འབྲི་གཡག་རྒྱགས་གསོ་བྱས་པ་བརྒྱུད་དངུལ་མི་ཉུང་བ་བསགས་ཡོད་པས་རྩྭ་ར་ཁོ་ནར་བརྟེན་ནས་འཚོ་ཐབས་བྱེད་དགོས་ཀྱི་མེད། དེ་ལས་ཡུལ་མི་ཚོར་རོགས་རམ་བྱས་ཏེ་ཚང་མ་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱེད་རྒྱུའི་བསམ་བློ་དུས་རྟག་ཏུ་གཏོང་གི་ཡོད་པ་རེད།

    ཆོས་དགས“རང་ཁྱིམ་དུ་ལུག་མང་པོ་ཡོད། དེ་ཚོས་རྩྭ་ཧ་ཅང་མང་པོ་ཟ་གི་འདུག་ལ་ཐ་ན་རྩྭའི་རྩ་བ་ཡང་བསྔོགས་ནས་ཟ་གི་འདུག རྩྭ་ཐང་སྣོད་བཅུད་ཅུང་ཞན་པོ་ཡོད་པས་གཏོར་བཤིག་ཕོག་ཚེ་སླར་གསོ་ཡོང་ཐབས་ཁག་པོ་ཡོད། དེར་བརྟེན་ངས་ལུག་ཚང་མ་བཙོངས་ནས་རྩྭ་ར་སྲུང་སྐྱོང་ཐུབ་ཆེད་གྲོང་མི་ཚོ་འབྲི་གཡག་འཚོ་རུ་བཅུག་པ་དང་། འབྲི་གཡག་རྒྱགས་པ་ཆགས་རྗེས་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་འགྲོ་ཐབས་བྱས་པ་ཡིན”ཞེས་བརྗོད།

    དེ་ལྟར་བྱེད་པ་མ་ཟད། གྲོང་མིའི་ཁྱིམ་དུ་ཤ་ཤེད་ཞན་པ་དང་ཚོང་མི་ཐུབ་པའི་འབྲི་གཡག་ཡོད་པ་མཐོང་སྐབས་ཆོས་དགས་ད་དུང་རང་འགུལ་ངང་ཁོང་ཚོའི་ས་ནས་འབྲི་གཡག་དེ་དག་ཉོས་པ་དང་འབྲེལ་རང་ཉིད་ཀྱིས་གསོ་ཚགས་བྱེད་ཀྱི་ཡོད་པ་རེད།

    2013ལོར་ཆོས་དགས་སྒོར་2800སྤྲད་ནས་གྲོང་མིའི་ས་ནས་ཤ་ཤེད་ཞན་པའི་འབྲི་གཡག་18ཉོས་པས་གྲོང་མི་ཚོའི་གསོ་ཚགས་ཀྱི་ཁུར་པོ་ཡང་དུ་ཕྱིན་ཡོད་ལ་གྲོང་མི་ཚོའི་དཔལ་འབྱོར་གྱི་གྱོང་གུན་ཡང་ཉུང་དུ་ཕྱིན་པ་མ་ཟད། ཐ་ན་ཁོང་ཚོར་དཔལ་འབྱོར་གྱི་ཕན་འབྲས་ངེས་ཅན་ཐོན་ཡོད་པ་རེད།

    ཕྱུགས་རིགས་གསོ་ཚགས་བརྒྱུད་རིམ་ནང་གྲོང་ཚོ་དེའི་གྲོང་མི་མང་པོ་ཞིག་ལ་ཆོས་དགའི་རོགས་རམ་ཐོབ་ཡོད་པ་རེད། ཆོས་དགའི་སྐོར་གླེང་སྐབས་གྲོང་མི་ཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད་པ་རེད།

    གྲོང་མི་ཟླ་བ་བསམ་གྲུབ་ཀྱིས“ཆོས་དགས་ངའི་ཁྱིམ་གྱི་ཕྱུགས་རིགས་ཁོང་གི་རྩྭ་རའི་ཐོག་འཚོ་རུ་བཅུག་པ་མ་ཟད། ད་དུང་ང་ཚོར་རྒྱགས་གསོའི་ལག་རྩལ་བསླབས་བྱུང་བས་ང་ཚོའི་ཕྱུགས་རིགས་ཀྱི་རིན་གོང་དེ་སྔོན་ལས་མཐོ་རུ་ཆེན་པོ་ཕྱིན་སོང་ལ་ངའི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་སོང་། ཁོང་ནི་ངའི་ཁྱིམ་གྱི་དྲིན་ཆེན་ཡིན། ང་ཚོར་རོགས་རམ་ཆེན་པོ་བྱས་བྱུང”ཞེས་བརྗོད།

    འབྲོག་ལས་དེ་ཉིད་སྲོལ་རྒྱུན་ནི་ཐོན་ལས་དང་པོ་དེ་ཡིན་པའི་ཆ་ནས་མི་མང་པོ་ཞིག་གིས་དེ་ནི“ཡོང་འབབ”འཕར་བའི་ཐབས་ལམ་ཞིག་མིན་པའི་ལྟ་སྟངས་འཛིན་གྱི་ཡོད་མོད། འོན་ཀྱང་ཆོས་དགས་བརྩོན་སེམས་ཆེ་བ་དང་བསམ་ཕོད་པ་དང་བྱེད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་སྡོད་པའི་ཡངས་པའི་རྩྭ་ཐང་ཐོག་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།

    ཆོས་དགའི་འཇོན་ཐང་དང་། ཁ་ཞེ་གཉིས་མེད། གྲོང་མི་ཚོའི་གདེང་འཇོག་བཅས་ལས་ཁོང་2014ལོར“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིར་བདམས་པ་དང་། 2015ལོར་སྙིང་གྲོང་ཤང་ཏང་གི་འཐུས་མིར་བདམས་ཐོན་བྱུང་བས་ལས་གནས་གསར་པས་ཁོང་ལ་སྟོབས་ཤུགས་གསར་པ་སྦྱིན་ཡོད་ལ་ཁོང་གི་ཕྲག་ཐོག་གི་ཁུར་པོའང་དེ་བས་ལྕི་རུ་ཕྱིན་ཡོད། ཡིན་ནའང་འབྱུང་འགྱུར་ལ་ཕྱོགས་སྐབས་ཁོང་གིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།