[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།

    གཉའ་ལམ་ནས་འགྲམ་བར་གྱི་འགྲོ་ལམ་མྱུར་གསོ་བྱུང་བ་དང་ཉེན་གྱར་མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་ཡུལ་གཞན་དུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-04-30

    ཚེས་28ཉིན་གྱི་ཆུ་ཚོད་བཅུ་དྲུག་དང་སྐར་མ་ཞེ་གསུམ་དུ་ད་རེས་ཀྱི་ས་ཡོམ་ནང་ཉེན་གྱར་མི་མང་ཤོས་ཡིན་པའི་འགྲམ་གྲོང་རྡལ་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་མྱུར་གསོ་ཐུབ་པ་བྱུང་བ་དང་། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱ་རྒྱུ་རེད།

    ཟླ་4ཚེས་28ཉིན་གྱི་ཆུ་ཚོད་བཅུ་དྲུག་བར་དུ་ནེ་པ་ལར་ས་ཡོམ་ཤུགས་ཆེན་བརྒྱབ་པའི་ཤུགས་རྐྱེན་བོད་ཀྱི་རྫོང་དང་ཆུས་19ལ་ཐེབས་ནས་གཉའ་ལམ་རྫོང་དང་། སྐྱིད་གྲོང་རྫོང་། དིང་རི་རྫོང་། ས་དགའ་རྫོང་། གཏིང་སྐྱེས་རྫོང་། ངམ་རིང་རྫོང་། ལྷ་རྩེ་རྫོང་། བསམ་གྲུབ་རྩེ་ཆུས། གམ་པ་རྫོང་། འབྲོང་པ་རྫོང་། གྲོ་མོ་རྫོང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། སྤུ་ཧྲེང་རྫོང་བཅས་རྫོང་དང་ཆུས་14ལ་གནོད་འཚེ་ཕོག་པའི་ནང་གཉའ་ལམ་རྫོང་དང་། སྐྱིད་གྲོང་རྫོང་། དིང་རི་རྫོང་བཅས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། ས་ཡོམ་ཁྲོད་དུ་རང་ལྗོངས་ཀྱི་མི་25རྐྱེན་ལམ་དུ་ཤོར་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་པ། མི་383ལ་རྨས་སྐྱོན་ཕོག་པ། སྡོད་ཁང་2511ལོག་པ། སྡོད་ཁང་24797ལ་སྐྱོན་ཤོར་བ། དགོན་པ་82(དེའི་ནང་དགོན་པ་13ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་དགོན་པ་18ལ་སྐྱོན་འབྲིང་ཙམ་ཕོག་པ)ལ་གནོད་སྐྱོན་ཕོག་པ། མི་ཁྲི་30ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད།

    གྲོང་རྡལ་དང་ཆུས་ཀྱི་སྦྲེལ་ཚུགས་388ཁྲོད་ནས་སྒུལ་བདེའི་འཕྲིན་གཏོང་སྦྲེལ་ཚུགས་41གིས་ཞབས་འདེགས་ཞུ་མཚམས་བཞག་པ་དང་། དིང་རི་རྫོང་ཆུ་སྟེང་ཤང་དུ་འཕྲིན་གཏོང་ཤར་གཏོང་མི་ཐུབ་པ། རོང་ཤར་དུ་འཕྲིན་གཏོང་ཚང་མ་ཆད་ཡོད། གངས་ཆེན་པོ་བབས་པའི་རྐྱེན་གྱིས་སྐྱིད་གྲོང་རྫོང་གྲོང་ནས་ཀོ་ཐང་ཤང་བར་གྱི་ལམ་འགག་པ་དང་། རི་ཉིལ་བའི་རྐྱེན་གྱིས་སྐྱིད་གྲོང་གྲོང་རྡལ་ནས་རི་ཟུར་ཟམ་པ་བར་གྱི་ལམ་དུམ་བུ་ཆད་པ། བྲག་རྡོ་ཆེན་པོ་ལྷུངས་ནས་དིང་རི་རྫོང་གྲོང་ནས་རོང་ཤར་ཤང་བར་གྱི་ལམ་འགག་པ་ནུས་ཤུགས་ཡོད་རྒུས་མྱུར་གསོ་བྱེད་བཞིན་ཡོད། དིང་རི་རྫོང་གྲོང་ནས་ཆུ་སྟེང་ཤང་བར་གྱི་ལམ་ཚང་མ་མྱུར་གསོ་བྱུང་བ་དང་སྐྱིད་གྲོང་གྲོང་རྡལ་གྱི་རི་ཟུར་ཟམ་པའི་བར་དུ་ཐད་འཕུར་གནམ་གྲུའི་རོགས་སྐྱོབ་ལམ་བུ་བཏོད་ཡོད། སྐྱིད་གྲོང་ནས་རི་ཟུར་ཟམ་པའི་ཕྱོགས་སུ་ས་རྡིབ་ཤོར་ནས་འཁྱིལ་མཚོ་ཞིག་ཆགས་པར་རིགས་གཅིག་མཁས་པས་རྩད་ཞིབ་ཐིག་ལེན་བྱས་རྗེས་ཉེན་ཁའི་གནས་ཚུལ་རྩ་བའི་ཆ་ནས་བསལ་བའི་ངོས་འཛིན་བྱས་ཡོད། ཚེས་28ཉིན་གྱི་ཆུ་ཚོད་བཅུ་གསུམ་བར་ད་རེས་ཀྱི་ས་ཡོམ་ནང་ཡོམ་འཕྲོ་ཐེངས་94བརྒྱབ་ཅིང་། དེའི་ནང་རིམ་པ་7.0ཡན་གྱི་ས་ཡོམ་ཐེངས་གཉིས་དང་རིམ་པ་5.0ཡན་གྱི་ས་ཡོམ་ཐེངས་གསུམ་བརྒྱབ་ཡོད་པ་རེད།

    རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག་ཕྱོགས་ཁག་གིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་ཤིང་། ས་གནས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཁྲི་2ལྷག་ཙམ་དང་འཁོར་རིགས་དང་འཕྲུལ་ཆས་1400ལྷག་ཙམ་བཏང་བ་དང་། བོད་དམག་ཁུལ་ཁང་གིས་དཔོན་དམག་4100ལྷག་ཙམ་བཏང་བ་དང་། འཁོར་རིགས་སྣ་ཚོགས་700ལྷག་ཙམ་བཏང་བ། ཐད་འཕུར་གནམ་གྲུ་9བཏང་བ། དྲག་ཆས་ཉེན་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་750ལྷག་ཙམ་དང་འཁོར་རིགས་དང་ལས་གྲྭའི་འཕྲུལ་ཆས་158བཏང་བ། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་མི་ཐེངས་1300བཏང་བ། བོད་ལྗོངས་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་266བཏང་བ་དང་། འཁོར་རིགས་44བཏང་བ། སྒྲིག་ཆས་སྣ་ཚོགས་817འཁྱེར་ཡོད། མིག་སྔའི་བར་གནོད་འཚེ་ཕོག་པའི་མང་ཚོགས་47826གནས་སྤོ་བཀོད་སྒྲིག་བྱས་ཡོད་པ་རེད།

    ཁྱོན་གུར་9542དང་། ཕོ་ཁེབས་8040 སྟབས་བདེའི་ཐུག་པ་སྒམ་8647 གངས་འགོག་མིག་ཤེལ་8000 གཏེར་ཆུ་ཏུན་205 མར་སྒམ་1000 རྩམ་པ་ཏུན་36 འབྲས་དང་གྲོ་ཞིབ་ཏུན་84 བཟའ་སྣུམ་འགྱིག་དམ་3000 ཇ་བག་ཆུང་ཏུན་20 མགོ་འདོགས་གློག་བཞུ་4020 ལག་ཁྱེར་གློག་བཞུ་5961 ཡང་ལཱ་སྒམ་363 ཕྱུ་པ་3810 ཉལ་གཟན་1650 ལྟེབས་ཁྲི་6045 སྲིང་བལ་གྱོན་ཆས་3500 གདན་1780 དམག་མིའི་ཏ་དབྱི་5380 དམག་མིའི་གདན་1600 ཆར་ཁེབས་15600 ཉལ་ཁུག་2396བཅས་སྤྲད་ཡོད་པ་རེད།

    སྨན་བཅོས་རིམས་འགོག་དཔུང་ཁག་13གྱིས་གེགས་ཁུལ་དུ་བསྐྱོད་དེ་སྐོར་སྐྱོད་སྨན་ཁང་དང་སྨན་བཅོས་སྐྱོབ་རོགས་ས་ཚིགས་བཙུགས་ནས་རིམ་རྩིས་བྱས་ན་རྨས་སྐྱོན་དང་ནད་གཞི་ཕོག་པའི་མང་ཚོགས་6987ལ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་ཚང་མར་དུག་སེལ་བྱས་པ། བཀོད་སྒྲིག་བྱ་ཡུལ་གྱི་འཐུང་ཆུར་ལྟ་ཞིབ་ཚད་ལེན་བྱས་ཡོད་པ་རེད།

    མིག་སྔར་གེགས་སེལ་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་དང་གེགས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།