[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

    ​ —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་​ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-10-24

    མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ལྟ་བ་གལ་ཆེན་ཞིག དུས་རབས་གསར་པར་མི་རིགས་ལས་དོན་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་བཅས་ཡིན་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།

    མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པར། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྤྱི་འདོམས་བྱེད་དགོས། ལྟེ་བའི་རིན་ཐང་ལྟ་བ་ནི་མི་རིགས་ཤིག་དམ་པོར་འབྲེལ་བའི་བསམ་པའི་སྒྲོག་ཐག་ཅིག་དང་རྒྱལ་ཁབ་གཅིག་གི་ཐུན་མོང་གི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་ཞིག་རེད། གལ་ཏེ་ཐུན་མོང་གི་ལྟེ་བའི་རིན་ཐང་ལྟ་བ་མེད་ཚེ། མི་རིགས་ཤིག་དང་རྒྱལ་ཁབ་གཅིག་བླ་སྲོག་མེད་པར་འགྱུར་བ་དང་བྱ་སྤྱོད་ལ་བརྟེན་ས་མེད་པར་གྱུར་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཐོག་ནས་དེང་སྐབས་ཀྲུང་གོའི་སྙིང་སྟོབས་གཅིག་སྡུད་ཐོག་མངོན་གྱི་ཡོད་ལ། མི་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་གཅིག་ཏུ་བསྡུས་ཡོད། ང་ཚོས་སྤྱི་ཚོགས་ཧྲིལ་པོར་སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བརྩོན། ཡིད་རྟོན། མཛའ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ཏེ་ཕྱོགས་ཡོངས་ལ་ཁྱབ་རྒྱུ་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་གཙིགས་ཆེན་བྱེད་དགོས་པ་མ་ཟད། ཞིབ་ཚགས་དང་། གཏིང་ཟབ། ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབ་རྒྱུར་ཡང་ཤུགས་སྣོན་རྒྱག་དགོས།

    མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པར། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོར་དེ་བས་ཟབ་པའི་ལོ་རྒྱུས་ཀྱི་འབྱུང་རྩ་དང་དངོས་ཡོད་རྨང་གཞི་རྒྱ་ཁྱབ་ལྡན་ཡོད། ལོ་ངོ་སྟོང་ཕྲག་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་ཐོན་སྐྱེད་དང་འཚོ་བ་བསྐྱལ་ནས་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་འཁུར་གྱི་འབྲེལ་བ་དང“གཅིག་ལ་གཅིག་བརྟེན་དང་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་ཁ་འབྲལ་ཐབས་མེད་པའི”ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ཡོད། བོད་ལྗོངས་ནི་ཀྲུང་གོའི་བོད་ལྗོངས་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ། བོད་ཀྱི་རིག་གནས་ནང་ཀྲུང་ཧྭའི་གཞི་རྒྱུ་འདུས་པ། བོད་ཀྱི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་དབར་ཁྲག་རྒྱུན་མཉམ་འདྲེས་དང་ཁ་འབྲལ་ཐབས་མེད་པ་བཅས་ཡིན་པ་ལོ་རྒྱུས་དང་དོན་དངོས་ལས་སླར་ཡང་ར་འཕྲོད་ཐུབ་ཡོད། རྒྱལ་ཁབ་ཀྱི་མོས་སེམས་དང་། མི་རིགས་ཀྱི་མོས་སེམས། རིག་གནས་ཀྱི་མོས་སེམས། ལོ་རྒྱུས་ཀྱི་མོས་སེམས་བཅས་ནི་ས་མཐོའི་བུ་ཕྲུག་ཁྲི་300ལྷག་ཙམ་གྱི་ཐུན་མོང་གི་བློ་སྟོབས་རེད།

    མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པར། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་དང་སེམས་པ་ཕྱོགས་ཤུགས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་གྱིས་གཞི་བརྟེན་དང་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ཞིབ་ཕྲའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་གཏོད་པའི་བྱེད་སྒོ་དེ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བྱེད་ཐབས་གསར་གཏོད། གཞི་བརྟེན་འཐུས་སྒོ་ཚང་དུ་གཏོང་བ། སྟོན་ཕྱོགས་འཛུགས་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐོག་གཅིག་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་ཐོག་གཅིག་སྒྲིལ་བྱེད་དགོས། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ཡག་པོ་གཉེར་ནས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཕྲུ་གུ་མི་རེ་ངོ་རེའི་སེམས་ཀྱི་ཞིང་སར་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་འདེབས་དགོས། གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་དྲ་སྦྲེལ་དེ་མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སྟོབས་ཤུགས་ཆེ་ཤོས་སུ་འགྱུར་བ་བྱེད་དགོས།

    “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་དང་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་བསྒྲུབ་རྒྱུར་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་ཀྱིས་སྟོབས་ཤུགས་ཆེན་པོ་མཁོ་འདོན་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།