[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བརྩེ་སེམས་ཟབ་མོས་མཐུན་སྒྲིལ་མེ་ཏོག་བསྐྱངས། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་བཏོད།

    བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་གནས་ཚུལ་མདོར་བསྡུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན། རང་ལྗོངས་ཀྱི་མི་རིགས་ཁག་གི་སྤུན་ཟླ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོད་ལ། འོ་ཆུ་འདྲེས་པ་ལྟར་གྱི་མི་རིགས་འབྲེལ་བ་བཙུགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

    “མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཆེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ངེས་པར་དུ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་རྩ་བའི་འགན་ལེན་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་རྣ་བར་ལྷང་ལྷང་དུ་གྲགས། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མངགས་བཅོལ་ཟབ་མོ་་བློ་ལ་བརྟན་པོར་བཅངས་ནས་དེ་བས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བོད་ཀྱི་ལེའུ་ཡག་པོ་བརྩམས་ཡོད། 

    མི་རིགས་ཁག་གི་མི་དམངས་སེ་འབྲུའི་གོང་བུ་བཞིན་དམ་པོར་སྦྲེལ་བ། 

    “ངའི་ནང་མི་ཚང་མ་དེ་གར་ཡོད། བོད་ནི་ངའི་ཁྱིམ་ཚང་ཡིན”སྐད་ཆ་དེ་ཤོད་མཁན་ལི་ཀོང་ཧུའེ་ནི་ཀན་སུའུ་ཀྲང་ཡེ་ནས་ཡིན། ཕ་མ་གཉིས་སྔ་ས་ནས་གྲོངས་པ་དང་གཅེན་མོས་ཁོང་ཆེན་པོ་ཆགས་ཆགས་བར་གསོས་ཤིང་། ཁོང་ཨར་སྐྲུན་ལས་ཡུལ་དུ་ལས་ཀ་བྱས་ཏེ། དཀའ་སྡུག་མི་ཉུང་བ་ཞིག་མྱངས་མྱོང་ཡོད། ད་ཆ་ཁོང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཡོད་ལ། བོད་རིགས་བུ་མོ་བདེ་སྐྱིད་དང་གཉེན་སྒྲིག་བྱས་པ་དང་ལོ་རིམ་ལྔ་པར་འགྲོ་བཞིན་པའི་བུ་མོ་ཞིག་ཀྱང་ཡོད། 2014ལོར་བདེ་སྐྱིད་ཀྱི་མ་སྤུན་གཅེན་མོ་ཚེ་རིང་དབང་མོས་མ་དངུལ་བཏང་བ་བརྒྱུད། ལི་ཀོང་ཧུའེ་ཡིས་ཇ་ཁང་ཞིག་བཙུགས་པས་ད་ཆ་ཚོང་ཡག་པོ་ཡོད་པ་རེད། 

    ལྕང་ལོ་ཁང་གསར་སྡེ་ཁུལ་ལ་2014ལོར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་13གྱི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད་ལ། རྒྱ་བོད་ཁྱིམ་ཚང་97ཡོད་པ་དང་། ལི་ཀོང་ཧུའེ་ཡི་ཁྱིམ་ཚང་ནི་དེའི་ནང་གི་གྲས་ཤིག་རེད། 

    ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་མི་རིགས་ལས་དོན་གྱི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་འབྲེལ་བསྟུད་མར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་61བཟོས་པ་དང་། བཟོ་བཅོས། ཆོག་མཆན་སྤྲོད་པ་བཅས་བྱས་པ་མ་ཟད། ཁྲིམས་འཛིན་ལྟ་ཞིབ་ཞིབ་བཤེར་ལས་དོན་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ལེགས་དང་འགན་ལེན་ཏན་ཏིག་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་མི་རིགས་མཐུན་སྒྲིལ་ཟླ་བ་སོགས་མཚམས་ཚིགས་གལ་ཆེན་ལ་དམ་པོར་དམིགས་ཏེ། མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཀྱི་ཐོག་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང《〈དུས་བབ་གསར་པའི་འོག་གི་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ་དང་འབྲེལ་ཕྱོགས་བཅུ་དང་ཞིབ་ཕྲའི་བྱེད་ཐབས་དོན་ཚན་42བཟོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རིམ་པ་མང་བ་དང་། ཁྱབ་ཁོངས་ཡངས་པ། ཕྱོགས་མང་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། 

    2019ལོའི་བར། རང་ལྗོངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་བ་མི་སྒེར་189ཡོད་པ་དང་། རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མཁན་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་1649དང་དཔེ་བཟང་བ་མི་སྒེར་2459ཡོད་པ་རེད། 

    མི་རིགས་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་ཁྲོད་མཉམ་དུ་བསམ་པའི་ཁྱིམ་གཞིས་སྐྲུན་པ།

    འདི་ལོའི་ཟླ་6ཚེས་8ཉིན། བོད་ཀྱི་ལྷ་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་ནང་ཚུད་ནས་ལོ་བཅུ་འཁོར་བའི་གྲུབ་འབྲས་སྙན་སེང་འཁྲབ་སྟོན་བྱས་ཤིང་། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་སོགས་ཀྱི་ལྷ་མོའི་སྒྱུ་རྩལ་ཚོགས་པ་དང་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལྷ་མོའི་གཞུང་ཆ་ཚང་འཁྲབ་ནས་ལོ་བཅུ་གྲངས་རིང་བོད་ཀྱི་ལྷ་མོའི་འཕེལ་རྒྱས་ཀྱི་རྣམ་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་ཡོད། 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱི་འདུས་གྲུབ་ཆེན་པོ་ཞིག་ཡིན”“མི་རིགས་ཁག་གི་རིག་གནས་ཕན་ཚུན་འོད་སྟོང་འཕྲོ་བ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་རིག་གནས་ནི་ད་ཆ་ང་ཚོའི་རིག་གནས་ཀྱི་གདེང་ཚོད་ཆེན་པོའི་འབྱུང་རྩ་ཡིན”ཞེས་བསྟན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 《ཀྲུང་གོའི་ཟློས་གར་གྱི་འབྱུང་རབས·བོད་ཀྱི་བམ་པོ》སོགས་ཞིབ་འཇུག་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་ཡོད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་ནས་རང་ལྗོངས་སུ་ཡོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་ཚན་པ་55དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པ་616སྲུང་སྐྱོང་དང་བསྐྲུན་པ་མ་ཟད། བོད་རིགས་ཀྱི་བོད་ཀྱི་ལོ་གསར་དང་། འོང་སྐོར། ཞོ་སྟོན་བཅས་དང་གྲངས་ཉུང་མི་རིགས་གཞན་གྱི་ཁུར་པན་དུས་ཆེན་སོགས་སྲོལ་རྒྱུན་གྱི་དུས་ཆེན་དང་དེ་བཞིན་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་སོར་བཞག་དང་རྒྱུན་འཛིན་བྱས་ཡོད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་མི་གཅིག་ཀྱང་མི་ལུས་པ་བྱས་པ།

    “ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན། ཁྱིམ་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བཀའ་མོལ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་བརྟན་པོར་ངེས་ཡོད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་མཐའ་གཅིག་ཏུ་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་20.4409བཏང་བ་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར་15.2བཏང་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་35.6409ཟིན་པ་ཚང་མ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྤྱད་པས་བོད་ཀྱི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་ཐེབས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པ་བྱས་ཡོད།

    དེང་གི་བོད་དུ་མི་རིགས་ཁག་གི་མི་དམངས་ཚོས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་སེ་འབྲུའི་གོང་བུ་བཞིན་དམ་པོར་སྦྲེལ་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་ཡོང་བ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་སྔར་བས་འཕེལ་བར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།