[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་བྱེད་སྒོ་ཧུར་ཐག་སྤེལ། འཆམ་མཐུན་མེ་ཏོག་གང་སར་བཞད།

    —— ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-31

    ལོ་གཉིས་ལྷག་ཙམ་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་སླེབས་པ་དང་བསྟུན་ནས། སྒྲིག་འཛུགས་གནད་སྨིན་དང་བཀོད་སྒྲིག་ཞིབ་ཚགས་བྱས་པའི་ཁར། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤྱི་འདོམས་ཀྱིས་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་དེ་མཐོ་རླབས་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ཡོད།

    རྩ་འཛུགས་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

    2018ལོ་ནི་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏིང་ཟབ་གཏོད་པའི་ལོ་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཀྲམ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ཆེད་སྤྱོད་གྲོན་དངུལ་རྣམས་གྲོང་ཁྱེར་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་སྟེ། ལོ་ལྟར་གསར་གཏོད་ལས་དོན་ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་100བཏང་ཡོད།

    དཔེ་མཚོན་བཏོད་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

    2011ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་གྱི“ཟླ་9པ་སྟེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བའི”རིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཁྲོད་འབུར་དུ་ཐོན་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་དང་། རྫོང(ཆུས)ཁག་གིས་ཀྱང་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་ལས་དོན་སྔ་རྗེས་སུ་སྤེལ་བ། གྲོང་ཁྱེར་དང་རྫོང་རིམ་པའི་དཔེ་བཟང་ལ་གཟེངས་བསྟོད་བྱེད་པའི་ལམ་སྲོལ་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་བཏང་བས། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་མང་པོ་ཐོན་ཡོད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་དཔེ་བཟང་མཉམ་སྡེབ་103དང་དཔེ་བཟང་མི་སྒེར་153ལ་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པ་དང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་497དང་དཔེ་བཟང་མི་སྒེར་615ལ་གཟེངས་བསྟོད་བྱས་པ། རྫོང(ཆུས)ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་734དང་དཔེ་བཟང་མི་སྒེར་2973ལ་གཟེངས་བསྟོད་བྱས་ཡོད།

    གཞི་རྟེན་གསར་གཏོད་བྱས་ནས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་ཆེ་རུ་བཏང་བ།

    “ང་ནི་ཀན་སུའུ་ཀ་ཆུ་ནས་ཡིན། ལྷ་སར་མི་རིགས་ཁག་དབར་མཐུན་སྒྲིལ་ཟབ་པའི་བག་ཆགས་ཟབ་མོ་བྱུང་། ང་རང་ཕ་ཡུལ་དང་རྒྱང་ཐག་རིང་པོ་ཆོད་རུང་། ལྷ་ས་ནས་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོད་སྐྱིད་ཅིག་ཚོར་གྱི་འདུག ད་ཆ་བོད་ཇ་འཐུང་ཤེས་ལ་རྩམ་པའང་བཟའ་ཤེས་པའི་ས་གནས་འདི་གའི་མི་ལྟ་བུར་གྱུར་ཡོད། ངས་ཚང་མས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཐུན་སྒྲིལ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་གྱི་ཧུད་རིགས་མང་ཚོགས་ཀྱི་འཐུས་མི་མཱ་ཡུང་ཞང་གིས་སྨྱུང་གྲོལ་དུས་ཆེན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་བཤད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་རིགས་བརྩེ་སེམས་དབར་གྱི་མཐུན་པའི་ཆ་སྔར་བས་ཤེས་རྟོགས་བྱ་ཆེད། འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས“ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་འཚམས་འདྲིར་སྐྱོད་པའི་བྱེད་སྒོ”དང“ང་ཚོའི་དུས་ཆེན·ཟླ་མཆོད་དུས་ཆེན་གྱི་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན་པའི་རིག་རྩལ་མཚན་ཚོགས”སོགས་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་ཆོས་རིག་གནས་ཅན་དང་། དངོས་ཚན་ཅན། སྤྱི་མང་ཅན་བཅས་ཀྱི་ཁྱད་ཆོས་གང་ལེགས་མངོན་པར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ《མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན》དང་། 《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་དངོས་བྲིས་དྲིལ་བསྒྲགས་པར་གཞི》 《མི་རིཌ་མཐུན་སྒྲིལ་གྱི་དཔེ་བཟང་བྱས་རྗེས་ཕྱོཌ་བསྒྲིགས》བཅས་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་གསལ་བརྡ་དང་ཤོག་ཕོར་སོགས་དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་བཟོས་ཏེ། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་དུ་ཆེད་མངགས་བཙུགས་པའི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམས་ཁང་དུ་དྲིལ་བསྒྲགས་བྱས་པ་རེད།





    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།