[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • “ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ་ཡིན”

    —— རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དེ་བཞིན“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་ཐོག་མཐའ་བར་གསུམ་དུ་བརྩིས་ཏེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་ཀྱིས་མི་རིགས་མཐུན་སྒྲིལ་དཔེ་བཟང་ཁུལ་ཧུར་ཐག་བཏོད་དེ་མི་རིགས་ཁག་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད།

    ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་ཁྱིམ་ཚང་ཆེ་མོ།

    འདི་ལོའི་ཟླ་9པ་ནི་ལྗོངས་ཡོངས་ཀྱི“མི་རིགས་མཐུན་སྒྲིལ་ཟླ་བ”ཐེངས་28པ་དེ་ཡིན་པ་རེད། 2012ལོར་ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་བཟོས་ནས་ལོ་ལྟར་གྱི་ཟླ་9ཚེས་17ཉིན་ནི“མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན”ལ་གཏན་འཁེལ་བྱས་ཏེ་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཁག་གི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲིམས་སྐྱོང་ཐབས་ལམ་ནང་སྔོན་ལ་བཅུག་ནས་མི་རིགས་མཐུན་སྒྲིལ་ལས་དོན་ཁྲིམས་སྐྱོང་ཅན་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

    སྟོན་དུས་ཀྱི་དུས་ཚིགས་སུ་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་ས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་ཚོར་ཐུབ་ཀྱི་ཡོད། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གཏོད་པའི་ཞི་མཐུན་སྡེ་ཁུལ་ཐོག་མ་སྟེ་ཝ་པ་གླིང་སྡེ་ཁུལ་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས། ས་ལར་རིགས། ཁྲའོ་ཞན་རིགས།

    པའེ་རིགས་སོགས་མི་རིགས་མང་པོའི་གྲོང་མི་མང་ཚོགས་དང་མཉམ་དུ་འཛོམས་ཏེ་ཐུན་མོང་ཐོག་མཛའ་གྲོགས་དང་འཕེལ་རྒྱས་སྐོར་གླེང་གི་ཡོད་པ་རེད།

    མི་རིགས་ཁག་དབར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ནི་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཡིན། སྔར་ནས་བཟུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ས་གནས་ཀྱི་ཁྲིམས་འཛུགས་རིམ་ངོས་ནས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་61སྔ་རྗེས་སུ་བཟོས་པ་དང་། བཟོ་བཅོས་བརྒྱབ་པ། ཆོག་མཆན་སྤྲད་པ་བཅས་བྱས་པ་དང་། ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལས་དོན་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན་ཏན་ཏིག་བྱས་པ་དང་ཆབས་ཅིག ད་དུང་བབ་བསྟུན་གཏན་འབེབས་སམ་ཡང་ན་ཁྲིམས་འཛིན་ཁ་གསབ་ལག་བསྟར་བྱ་ཐབས་ཀྱང་བཟོས་ཡོད་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་འཐུས་མིས་82.35%བཟུང་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ཨུ་ཡོན་གྱིས་85.71%བཟུང་ཡོད། འདྲ་མཉམ་ངང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་སྒོའི་ནང་ཞུགས་པ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་དམངས་གཙོའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད། རང་ལྗོངས་ཀྱིས་ད་དུང་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་རང་སྐྱོང་ཤང་9བཙུགས་པའི་ཁྲོད་མོན་པ་མི་རིགས་ཤང་5དང་། ལྷོ་པ་མི་རིགས་ཤང་3 འཇང་མི་རིགས་ཤང་1བཅས་ཡོད་པས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་པ་དང་མི་རིགས་ཁག་ཚང་མས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་མཉམ་སྤྱོད་ཐུབ་ཡོད།

    སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་མི་རིགས་ཁག་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་ལུགས་བཏོན་གནང་ཡོད།

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་རྣམ་རྒྱལ་གླིང་སྡེ་ཁུལ་ལ་མང་ཚོགས་དུད་ཚང་298དང་མི་842ཡོད་པའི་ཁྲོད་དུད་ཚང་24ནི་བོད་རྒྱ་གཉེན་སྒྲིག་ཁྱིམ་ཚང་རེད། ཁྱིམ་ཚང་24དེ་དག་སྡེ་ཁུལ་གྱི་གྲོང་མི་དང་མཉམ་དུ་སེ་འབྲུའི་གོང་བུ་བཞིན་མཐུན་སྒྲིལ་དམ་ཟབ་དང་ཞི་མཐུན་མཉམ་གནས་ཀྱིས་འཚོ་བ་སྐྱེལ་བཞིན་ཡོད།

    ལི་ཧྲེ་རུང་གི་ཁྱིམ་ཚང་ནི་བོད་རྒྱ་གཉེན་སྒྲིག་ཁྱིམ་ཚང་24ཡི་ཁྲོད་ཀྱི་གྲས་ཤིག་རེད། ལོ་12གོང་ལི་ཧྲེ་རུང་ཟླ་བ་གཡང་འཛོམས་ཀྱི་ཁྱིམ་དུ་མག་པར་ཡོང་བ་དང་ཁོང་ལ་འཛུགས་སྐྲུན་ལག་རྩལ་ཡོད་པས་བོད་རིགས་ཀྱི་ཁྱིམ་ཚང་དཀྱུས་མ་དེ་དུས་ཐུང་ལོ་འགའི་ནང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཡོད། བཟའ་ཚོ་གཉིས་པོས་སྤྱང་གྲུང་ལྡན་པའི་བུ་མོ་བྱམས་ཀྱིས་སྐྱོང་བཞིན་ཡོད་པ་མ་ཟད། ད་དུང་ཨ་མ་རྒན་མོ་ལའང་བསྙེན་བཀུར་ལྟ་རྟོགས་བྱེད་བཞིན་ཡོད་པས་འཚོ་བ་ཚ་སོབ་སོབ་ཡོད་པ་རེད།

    བོད་དུ་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་གྱི་སྤྱི་ཚོགས་རྣམ་པ་བཟང་པོ་ཡོད་པ་ནི་ལོ་རྒྱུས་རིག་གནས་ཕུད། ད་དུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྣམ་པ་སྣ་ཚོགས་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་དེ་བས་རེད།

    བསྡོམས་རྩིས་ལ་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ”19དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི”6ཡིག་ཐོག་སྙན་ཞུ་ཕུལ་ནས་མིང་བཏགས་པ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པ་10ལ་མིང་བཏགས་པའི་ཁྲོད་ལྷ་ས་གྲོང་ཁྱེར་2016ལོར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར”ལ་བདེ་བླག་ངང་བཏོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་651དང་། དཔེ་བཟང་མི་སྒེར་998ལ་གཟེངས་བསྟོད་བྱས་པ། ཚན་པ་22དང་མི་སྒེར་31ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཚན་སྙན་ཐོབ་ཡོད་པ་རེད།

    སྤུན་ཟླ་གཅིག་སེམས་གཅིག་ཏུ་སྒྲིལ་ཏེ་འཕེལ་རྒྱས་དང་དར་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས།

    2017ལོའི་ཟླ་10པར་ཧྲང་ཧའེ་དང་ཝུའུ་ཀྲེན་ཟློས་གར་དུས་ཆེན་ཐོག་གི་སྐད་གསང་མཐོ་ལ་སྙན་འཇེབས་ལྡན་པའི་འགྱུར་ཁུག་ལ་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཏེ་བསྔགས་བརྗོད་ཚད་མེད་ཐོབ་ཡོད། སྐད་གདངས་དེ་ནི་མཚོ་བོད་ས་མཐོའི“བོད་རིགས་རིག་གནས་ཀྱི་འགྱུར་རྡོ་གསོན་པོ”ཞེས་བརྗོད་པའི་ལྷ་མོ་ཡིན་པ་རེད།

    བོད་ཀྱི་ལྷ་མོར་ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། ཡིན་ནའང་བོད་རིགས་ས་ཁུལ་ཕུད་པའི་ས་ཁུལ་གཞན་དག་གི་ངོས་ནས་བརྗོད་ན་བོད་ཀྱི་ལྷ་མོར་རྒྱུས་མངའ་གཏན་ནས་མེད་པ་རེད།

    ཝུའུ་ཀྲེན་ཟློས་གར་དུས་ཆེན་ཐོག་འཁྲབ་སྟོན་བྱེད་མཁན་ནི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ནས་ཡོང་བའི་རི་བོ་ཆེ་གཅུང་པ་ལྷ་མོ་རེད། ད་ཐེངས་འཁྲབ་སྟོན་རུ་ཁག་ནང་འཁྲབ་སྟོན་པ་30ཡོད་པ་ཚང་མ་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་འབྲོག་པ་རེད།

    ལྷ་མོ་ཞེས་བརྗོད་པའི“ས་མཐོའི་མུ་ཏིག”དེར་མི་དེ་བས་མང་བས་ཤེས་རྟོགས་དང་དོ་ཁུར་ཡོང་ཆེད་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་གཞིས་རྩེ་གྲོང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་པིང་གིས་ལྷ་མོ་ཚོགས་པ་དང་གྲོས་བསྡུར་ཡང་ཡང་བྱས་པ་དང་། ཝུའུ་ཀྲེན་ཟློས་གར་དུས་ཆེན་གྱི་གཙོ་གཉེར་ཕྱོགས་དང་མཐུན་སྦྱོར་ཧུར་ཐག་བྱས་པས་ལྷ་མོ་དེ“གདོང་ལེན”གྱི་སྙན་གྲགས་ལྡན་པའི་ཝུའུ་ཀྲེན་ཟློས་གར་དུས་ཆེན་ཐོག་འཁྲབ་རྒྱུ་བྱུང་ཡོད།

    མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་མི་རིགས་ཁག་དབར་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཡིན། རང་ལྗོངས་ཀྱི་སྤུན་ཟླའི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་རྣམ་པ་བཟང་པོ་བཏོད་ཐུབ་པ་དེ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་གཟིགས་སྐྱོང་སྲིད་ཇུས་ཁག་རྒྱུན་མཐུད་ངང་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་ལྡན་གྱི་ལག་ལེན་ཁྲོད་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱས་པས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་དང་། གོང་འཕེལ། ཡར་ཐོན་བཅས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    “ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ་རེད། ཁོང་ཚོའི་ཨ་མའི་མིང་ལ་འོད་ཟེར་ཟེར། རྒྱ་རིགས་དང་བོད་རིགས་ཨ་མ་གཅིག་གི་བུ་མོ་རེད། ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”ཞེས་བོད་དུ་མི་རྣམས་ཀྱིས་སེམས་གཏིང་གི་བརྩེ་དུང་བརྗོད་ཐབས་བྲལ་སྐབས་མ་གྲོས་གཅིག་མཐུན་ངང་གླུ་གཞས་འདི་ལེན་གྱི་ཡོད།

    རེད་ཨང་། མི་རིགས་ཁག་གི་མི་དམངས་རྣམས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་འཆམ་མཐུན་མཉམ་གནས་དང་ཞི་མཐུན་མཉམ་འདྲེས་ཐུབ་པ་བྱས་ཏེ་བོད་ཀྱི་མཛེས་སྡུག་ལྡན་པའི་ད་ཆ་བཏོད་པ་དང་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་དང་གཏོད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།