[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པ།

    ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭས་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-01

    དུས་ཡུན་རིང་པོའི་ནང་ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་མི་རིགས་མི་འདྲ་བའི་དགེ་སློབ་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་བཙུགས་པ་དང་སྐྱིད་སྡུག་མཉམ་མྱོང་གི་བརྩེ་བ་ཟབ་མོ་བཅངས་ནས་ཕན་ཚུན་རོགས་རམ་དང་མཉམ་དུ་ཡར་རྒྱས་གཏོང་བའི་སྲོལ་རྒྱུན་བཟང་པོ་ཆགས་པ་བྱས་པ་མ་ཟད་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བཅས་བཏང་ཡོད།

    རྒྱལ་གཅེས་རིང་ལུགས་དར་སྤེལ་བཏང་བས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་དུ་སོང་བ།

    རྒྱལ་ཁབ་དར་རྒྱས་བྱུང་ཚེ་མི་རིགས་དར་རྒྱས་ཡོང་བ་དང་ཆབས་ཅིག་ཚང་མ་བདེ་སྐྱིད་ཡོང་ཐུབ། ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”འཚོགས་པ་དང“མི་རིགས་མཐུན་སྒྲིལ་ཟླ་བའི”བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་མང་པོ་བརྒྱུད་རྒྱལ་གཅེས་རིང་ལུགས་དར་སྤེལ་ཤུགས་ཆེན་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་པོ་ཚུགས་པར་བྱས་ཡོད།

    ལོ་ལྟར་གྱི་ཟླ་9པ་ནི“མི་རིགས་མཐུན་སྒྲིལ་ཟླ་བ”ཡིན་ཞིང་། 2017ལོའི“མི་རིགས་མཐུན་སྒྲིལ་ཟླ་བར”སློབ་གྲྭས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོར་དམ་པོར་དམིགས་ཏེ་དགེ་སློབ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་ཡོད།

    སློབ་གྲྭས་སློབ་གྲྭའི་དྲིལ་བསྒྲགས་སྒྲོམ་སྟེགས་དང་། LEDབརྙན་ཤེལ། འཛིན་གྲྭའི་ནག་པང་ཚགས་པར་སོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་བྱེད་སྒོའི་རྣམ་པ་ཟབ་མོ་བཏོད་པ་ཕུད། ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་བ་དང་། ལོ་རིམ་མི་འདྲ་བའི་འཛིན་གྲྭ་ཁག་ཏུ“བོད་གསར་རྙིང་གི་འགྱུར་ལྡོག”དང“མེས་རྒྱལ་ལ་དགའ་ཞེན་དང་། ཁྱིམ་ཚང་ལ་དགའ་ཞེན། སློབ་གྲྭར་དགའ་ཞེན”སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་དགེ་སློབ་ཚོར་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་སློབ་གསོ་ཁྲིད་སྟོན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད།

    མཛའ་བརྩེ་རོགས་རེས་དར་སྤེལ་བཏང་བས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ།

    2017ལོར་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས“རོགས་རམ་གསུམ”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བྱེད་སྒོ་སྤེལ་འགོ་བཙུགས་ཤིང་། སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཤང་ཧུའེ་ཡིས“རོགས་རམ་གསུམ”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བྱེད་སྒོ་ནི་སློབ་གྲྭའི་དོན་ཆེན་ཞིག་ཡིན་པས་དེ་ནི་ཆབ་སྲིད་ཀྱི་ལས་འགན་ཡིན་ལ་སེམས་བཟང་འདུ་འགོད་ཅིག་ཀྱང་རེད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རོགས་རམ་གསུམ”ནི་སློབ་མར་རོགས་རམ་དང་། དབུལ་པོར་རོགས་རམ། ཀུན་སྤྱོད་ཐད་རོགས་རམ་བཅས་ཡིན་ཞིང་། དེའི་ནང“སློབ་མར་རོགས་རམ”བྱེད་པ་ནི་སློབ་སྦྱོང་གི་རྨང་གཞི་ཞན་ཙམ་ཡིན་ཡང་དཀའ་སྤྱད་འབད་བརྩོན་གྱི་སློབ་སྦྱོང་བྱེད་མཁན་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་པ་དང་། “དབུལ་པོར་རོགས་རམ”བྱེད་པ་ནི་དྭ་ཕྲུག་དང་མ་མཐའི་འཚོ་བ་འགན་ལེན་གྱི་སློབ་མ་དབུལ་པོར་རོགས་རམ་བྱེད་པ། “ཀུན་སྤྱོད་ཐད་རོགས་རམ”བྱེད་པ་ནི་སྒྲིག་ཁྲིམས་སྲུང་བའི་འདུ་ཤེས་ཟབ་མོ་མེད་པ་དང་གཏམ་སྤྱོད་ཡ་རབས་མེད་པའི་སློབ་མར་རོཌ་རམ་བྱེད་པ་བཅས་རེད།

    དེར་བརྟེན་སློབ་གྲྭས་སློབ་གསོ་སློབ་ཁྲིད་བྱེད་རིང་རྒྱ་ཆེའི་ཏང་ཡོན་ཚོའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས“སློབ་མར་རོགས་རམ”དང་། “དབུལ་པོར་རོགས་རམ” “ཀུན་སྤྱོད་ཐད་རོགས་རམ”བཅས་བྱེད་པའི་ནང་དོན་གཙོ་བོར་བྱས་ནས་ཏང་ཡོན་དགེ་རྒན་དང་སློབ་མར“སྦྲེལ་ཟམ”བཙུགས་པ་དང“གཅིག་རོགས་གཅིག”གི་བྱ་ཐབས་བརྒྱུད་ཆ་སྒྲིག་རོཌ་སྐྱོར་གྱི་བྱེད་སྒོ་སྤེལ་ཡོད།

    སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་བས་མི་རིགས་མཐུན་སྒྲིལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

    སློབ་གསོ་ནི་སློབ་གྲྭའི་རྩ་བ་ཡིན་པས་སློབ་མ་སྔར་བས་མང་བ་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་སློབ་གསོའི་གཞི་རྩའི་དམིགས་ཡུལ་རེད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་འོག་སློབ་གྲྭ་དེས་ཧོ་པེ་ལས་གྲྭའི་ལག་རྩལ་སློབ་གླིང་དང་། ཤིས་ཨན་འགྲིམ་འགྲུལ་ལས་གྲྭའི་སློབ་གླིང་། ཐེན་ཅིན་འགྲིམ་འགྲུལ་ལས་རིགས་སློབ་གླིང་བཅས་དང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཡོད།

    2012ལོར་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་ཚུན་སློབ་གླིང་གསུམ་གྱིས་ཤེས་ལྡན་པ་དང་མ་དངུལ་ཐད་ནས་ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭར་རོགས་སྐྱོར་ཤུགས་ཆེན་བྱས་ཡོད། ལོ་ལྟར་ཆེད་ལས་དགེ་རྒན་བཏང་ནས་སློབ་གྲྭ་དེར་ཆེད་ལས་འཛུགས་སྐྱོང་ལ་རོགས་རམ་བྱེད་ཀྱི་ཡོད་པས་སློབ་གྲྭ་དེའི་བདག་སྐྱོང་དང་། རླངས་འཁོར་ཉམས་བཟོ། གློག་སྤྱོད་མཁོ་འདོན། འཛུགས་སྐྲུན་སོགས་ཆེད་ལས་མང་པོ་ཡར་རྒྱས་གོང་འཕེལ་བྱུང་ཡོད།

    2012ལོར་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་སློབ་གསོ་པུའི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་ཁག་གཉིས་པའི“རྒྱལ་ཁབ་རིམ་པའི་འབྲིང་རིམ་ལས་རིགས་ལག་རྩལ་གྱི་དཔེ་སྟོན་སློབ་གྲྭར”གྱུར་ཡོད། རྒྱལ་ཁབ་ཀྱིས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་1000བཏང་ནས་རོགས་རམ་བྱས་པར་བརྟེན་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་མི་རིགས་དང་ཕོ་མོའི་དབྱེ་བ་མེད་པར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་ལ་ཞུགས་པས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་། དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས། སློབ་གྲྭའི་ཁྱད་ལྡན་རིག་གནས་གཏོད་པ་སོགས་ཀྱི་ལས་འགན་རབ་དང་རིམ་པ་ལེགས་གྲུབ་བྱུང་ནས་སློབ་གྲྭ་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།