[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གངས་ལྗོངས་མཛེས་པའི་སྐྱེད་ཚལ་དུ། མཐུན་སྒྲིལ་མེ་ཏོག་རྣམ་པར་བཞད།

    —— མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་སྲུང་སྐྱོང་། སྒྱུར་བཅོས་སྒོ་འབྱེད། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་སྤེལ་བཏང་བ།

    མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་དང་རྫོང་ཁག་གིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འདེམས་དང་གཟེངས་བསྟོད་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་བྱེད་སྒོའི(ཚོད་ལྟ)འགོ་ཁྲིད་ཚོགས་ཆུང་། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་འགོ་ཁྲིད་ཚོགས་ཆུང་བཅས་བཙུགས་ཏེ། 《མངའ་རིས་ས་ཁུལ་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལམ་ལུགས་ཀྱི་ལས་ཀའི་འགན་འཁྲི》དང《མངའ་རིས་ས་ཁུལ་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལམ་ལུགས་ཀྱི་ལས་ཀའི་ལམ་ལུགས》བཏོན་ནས་མི་རིགས་ཆོས་ལུགས་ཨུ་ཡོན་ཚན་པ་33གཏན་འཁེལ་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལམ་ལུགས་ཀྱི་ཨུ་ཡོན་དང་འབྲེལ་གཏུག་པ་གཅིག་ལྕོགས་66གཏན་འཁེལ། ས་ཁུལ་དེའི་ཤང་དང་གྲོང་རྡལ་37གྱི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱིས་འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་གཅིག་ལྕོགས་བྱེད་པ། གྲོང་ཚོ་དང་གྲོང་ལྷན་141གི“ཨུ་ལྷན་གཉིས”སུ་མི་རིགས་ལས་དོན་གྱི་ལས་བྱ་འཛུགས་པ། སྒེར་རྩེ་དང་། མཚོ་ཆེན། དགེ་རྒྱས་བཅས་རྫོང་གིས་སྔོན་དུ་ཤང་དང་གྲོང་རྡལ་རིམ་པར་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་པ་བཅས་བྱས་པ་རེད།

    སྔ་རྗེས་སུ་ས་ཁུལ་དང་རྫོང་གི་རིམ་ཁག་མི་རིགས་ལས་དོན་སྡེ་ཚན་གྱི་ལས་དོན་པ་མི་ཐེངས་90ལྷག་ཙམ་ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་དང་། ཧྲའན་ཤིས་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན། ཧོ་པེ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཐིང་བཅས་སུ་གསོ་སྦྱོང་ལ་མངགས་ནས། མི་རིགས་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་བཏང་བ་རེད། མི་རིགས་ལས་དོན་གྱི་གྲོན་དངུལ་འགན་ལེན་ལམ་སྲོལ་བཙུགས་ནས་མི་རིགས་མཐུན་སྒྲིལ་དཔེ་བཟང་གཏོད་འདེམས་དང་གཟེངས་བསྟོད་བྱེད་སྒོའི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་15དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་20མང་དུ་བཏང་བ་དང་། ལོ་རེར་རིམ་པ་དེ་གའི་ནོར་སྲིད་ནས་སྒོར་ཁྲི་21བཏོན་ཏེ་ལས་དོན་དེར་རྒྱབ་སྐྱོར་བྱེད་པའི་གཏན་འབེབས་བྱས་པ་མ་ཟད། ཆེད་མངགས་འགྲོ་གྲོན་སྒོར་ཁྲི་500བཏང་ནས། “ཁྱོན་ཡོངས་ལ་ཁྱབ་པ”དང་། “གནད་སྨིན་ཐིགས་ཆུ” “རིག་གནས་སྣེ་འདྲེན” “གསེར་གྱི་ས་བོན” “བསམ་པའི་ཁྱིམ་གཞིས” “ཁེ་དབང་འགན་ལེན”བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་འགོད་ཆེ་གྲས་དྲུག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།

    འདི་ལོ་མངའ་རིས་ས་ཁུལ་གྱིས“གནད་སྨིན་ཐིགས་ཆུ”གཏོང་བའི་ཐབས་ཤེས་སྤྱད་ནས་ཕྱི་ནས་ཡོང་བའི་གླ་པའི་ཁྲོད་དུ“མི་རིགས་མཐུན་སྒྲིལ་གྱི་མཐུན་འབྲེལ་བྱེད་སྒོ”དང་། “མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུའི”བྱེད་སྒོ། “གཅིག་སེམས་གཅིག་འབྲེལ”རིག་རྩལ་འཁྲབ་སྟོན། “ལག་གདང་སྦྲེལ་བའི”པར་རྒྱག་དྲན་གསོ་སོགས་བྱེད་སྒོ་ཐེངས་10ལྷག་སྤེལ་བ་རེད། སྔ་རྗེས་སུ་དགོན་པའི་གྲྭ་བཙུན་16སྒྲིག་འཛུགས་ཐེངས་གཉིས་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཁེ་ལས་དང་བཟོ་གྲྭར་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་ལ་ལྟ་བར་བཏང་བ་རེད། སྒར་རྫོང་གི་གྲོང་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་8སྒྲིག་འཛུགས་བྱས་ནས་ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་སྡེ་ཁུལ་དང་། ཁྲོམ་གཞུང་། སྒོ་ར་ཆེ་མོར“སྔོན་ཐོན་ལ་སློབ་སྦྱོང་དང་ཉམས་མྱོང་དངོས་ལེན་པར”བཏང་བ་རེད། རིམ་ཁག་ལས་བྱེད་པའི་ཁྲོད《ཁྲིམས་ལྟར་མི་རིགས་ལས་དོན་ལ་བཅོས་སྒྲིག་གིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ》ཞེས་པ་ནང་དོན་གཙོ་བོར་བྱས་པའི་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་ཐེངས་15སྤེལ་བ་རེད། ལས་ཁུངས་ལས་བྱེད་པར་དམིགས་ནས《མི་རིགས་སྲིད་ཇུས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས》དང《མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་ལག་དེབ》6900ལྷག་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་། ཞིང་འབྲོག་པར་དམིགས་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་ཚིག་དུམ་30ཡི་གོ་བདེའི་ཀློག་དེབ》ཁྲི་8ལྷག་ཙམ་སྤྲད་པ་རེད།

    དེ་དང་ཆབས་ཅིག “མི་རིགས་མཐུན་སྒྲིལ་གྱི་སློབ་ཚན་ཐེངས་གཅིག་ཁྲིད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་འཕྲིན་སྤེལ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ལ་གཟེངས་བསྟོད། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་ཐེངས་གཅིག་སྤེལ་བ། སྐད་གཉིས་ཡག་པོ་སྦྱོང་བ”བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི“གཅིག་རེ་ལྔའི”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་རེད། “མི་རིགས་མཐུན་སྒྲིལ་ཟླ་བའི”བྱེད་སྒོ་ཁག་གཏིང་ཟབ་སྤེལ་ནས་སྔ་རྗེས་སུ“མི་རིགས་མཐུན་སྒྲིལ་ཟླ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས”དང“མི་རིགས་མཐུན་སྒྲིལ་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ”གཏིང་ཟབ་སྤེལ་བ་རེད།

    དུས་ཚོད་གལ་ཆེན་གྱི་མཚམས་ཚིགས་ལ་དམིགས་ནས་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མི་རིགས་སྲིད་ཇུས་ཀྱི་ཁྲིམས་སྲོལ་སློབ་གསོའི་དྲིལ་བསྒྲགས་ཐེངས་26སྤེལ་བར་དྲིལ་བསྒྲགས་དཔྱད་གཞི་13620ལྷག་སྤྲད་པར་མང་ཚོགས་མི་ཐེངས་67400ལ་ཕན་ཐོགས་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལ་སྐུལ་འདེད་བཏང་བ།

    མངའ་རིས་ས་ཁུལ་གྱིས་གཏོད་འདེམས་དང་གཟེངས་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་དང་ས་ཁུལ་ལ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་7དང་སྔོན་ཐོན་མི་སྒེར་13དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་54དང་སྔོན་ཐོན་མི་སྒེར་76 ས་ཁུལ་རིམ་པའི་དཔེ་བཟང་མཉམ་སྡེབ་136དང་དཔེ་བཟང་མི་སྒེར་180བཅས་ཐོན་པ་རེད།

    “མི་རིགས་མཐུན་སྒྲིལ་དཔེ་བཟང་གི་བྱས་རྗེས་སྒྲོག་འགྲེལ་སྙན་ཞུ་ཚོགས་པས”རྫོང་ཁག་ཏུ་སྒྲོག་འགྲེལ་བྱེད་སྒོ་ཐེངས་7སྤེལ་བར་མི་ཐེངས་1500ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    ལོ་དྲུག་རིང་གི་གཏོད་འཛུགས་ཀྱི་བྱེད་སྒོ་བརྒྱུད་2016ལོར་གཙང་པོ་སྡེ་ཁུལ་གྲོང་ལྷན་ལ་སྔ་རྗེས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་སྡེ་ཁུལ་གྱི་མཚན་སྙན་ཐོབ་པ་དང་། 2017ལོར་སྒར་རྫོང་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པའི”མཚན་སྙན་སྤྲད་པ། གཞན་ཡང་ས་ཁུལ་གྱིས་ས་ཁུལ་སྤྱི་བདེ་ཁྲུའུ་སོགས་ཚན་པ་6ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་ཚན་པའི་མཚན་སྙན་སྤྲད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།