[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་འབུལ་གསུམ་ཞབས་འདེགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ནོར་བུས་བརྗོད་དོན།

    གཅེས་སེམས་བརྒྱུད་སྤྲོད་བྱས་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཡི་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-17

    ddc86785-a138-4294-a583-02696488c475.jpg.jpg

    འདི་ནི་འབུལ་གསུམ་དང་བླངས་པ་དང་ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་མཁན་གྱི་མཉམ་པར་ཡིན་པ།

    f836cf3a-a136-4cd1-8096-ae5f4f7fc1dd.jpg.jpg

    འདི་ནི་མེ་ཟོན་དང་བླངས་པ་ཚེ་རིང་ནོར་བུས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོར་ཧུར་ཐག་ཞུགས་བཞིན་པ།

    4ed5a745-de73-44bf-9778-51578c3c6f14.jpg.jpg

    འདི་ནི་ཚེ་རིང་ནོར་བུ་དང་མཐུན་ཚོགས་ཀྱི་དྲུང་ཆེས་སྣེ་ཁྲིད་དེ་ཁྲག་སྦྱིན་འབུལ་བའི་བྱེད་སྒོར་ཞུགས་པ།

    2ecf8ff4-b559-4d1c-8fc9-c9fab6b8ac74.jpg.jpg

    འདི་ནི་བོད་ལྗོངས་འབུལ་གསུམ་ཞབས་འདེགས་མཐུན་ཚོགས་ཀྱི་དང་བླངས་པའི་བྱེད་སྒོ་མཇུག་འགྲིལ་རྗེས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    13873f61-4fe9-47fc-bf49-614e46842096.jpg.jpg

    འདི་ནི་གཅེས་སེམས་ཁེ་ལས་གཞི་རིམ་དུ་གཅེས་སེམས་འཚམས་འདྲིའི་བྱེད་སྒོ་སྤེལ་བར་གདན་དྲངས་པ།

    d8356f59-89c9-45ad-837c-e2c5f8d31bba.jpg.jpg

    འདི་ནི་བོད་ལྗོངས་འབུལ་གསུམ་ཞབས་འདེགས་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཁྲག་སྦྱིན་འབུལ་བའི་སྤྱི་ཕན་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    2019ལོའི་ཟླ་1ཚེས་17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་རྟོག་ཞིབ་གནང་སྐབས། དང་བླངས་ཞབས་འདེགས་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་རྒྱ་ཆེའི་དང་བླངས་པས་གཅེས་སེམས་སྐྱེས་སུ་འབུལ་བའི་ཐབས་ལམ་གལ་ཆེན་ཞིག་རེད།

    དང་བླངས་ཞབས་འདེགས་ལ་ལས་སྟེགས་དེ་བས་མང་བ་བཏོད་ནས། སྤྱི་ཚོགས་བཅོས་སྐྱོང་བྱེད་རིང་དང་བླངས་ཞབས་འདེགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་དགོས་ཞེས་གསུངས་པ་རེད།

    ལྷ་སའི་ཀླུ་སྒུག་སྲང་ལམ་དྲུག་པ་ནས་གཞོགས་གཡས་སུ་བསྐྱོད་ན་ཀུན་བཟང་རྩེ་སྒོ་རར་སླེབས་ཤིང་། དེ་ནས་ཤིང་སྐས་ལ་འཛེགས་ནས་ཐོག་སོ་གཉིས་པར་བསྐྱོད་པས། བོད་ལྗོངས་འབུལ་གསུམ་ཞབས་འདེགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ནོར་བུ་ཕྲད་བྱུང་།

    འབུལ་གསུམ་ཞེས་པ་ནི་ཁྲག་སྦྱིན་འབུལ་བ་དང་། ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་བ། མིའི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་བ་བཅས་ལ་ཟེར་ཞིང་། དེ་ནི་རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་སྒོ་གཙོ་བོའི་གྲས་ཤིག་རེད།

    2019ལོའི་ཟླ་7ཚེས་18ཉིན། ཚེ་རིང་ནོར་བུ་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པར་བསྐྱོད་ནས་ཕུང་པོའི་དབང་པོ་ཞལ་འདེབས་འབུལ་བའི་ཐོ་བཀོད་པ་དང་། ཁྱིམ་དུ་ལོག་རྗེས་ཕུང་པོའི་དབང་པོ་ཞལ་འདེབས་འབུལ་བ་དང་ཁྲག་སྦྱིན་འབུལ་བ་དྲིལ་བསྒྲགས་བྱེད་རྒྱུའི་སྐོར་གྱི་སྐད་འཕྲིན་ཚོགས་པ་བཙུགས་པས། ཉིན་དེ་རང་ལ་ཚོགས་པར་ཞུགས་མཁན་མི་20ལྷག་ཙམ་བྱུང་བ་རེད། མ་གཞི་རིག་གནས་ཆུ་ཚད་མཐོ་པོ་མེད་ཀྱང་། ཁོང་གིས་དྲ་ཐོག་ནས་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་དང་དཔེ་མཚོན་ཁག་གཅིག་སྐད་འཕྲིན་ཚོགས་པར་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས། ཚོགས་པའི་ཁོངས་མིས་ཁྲག་སྦྱིན་འབུལ་བ་དང་ཕུང་པོ་ཞལ་འདེབས་འབུལ་བའི་ཐད་ལ་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་བས། སྐད་འཕྲིན་ཚོགས་པར་ཞུགས་མཁན་ཇེ་མང་དུ་ཕྱིན་པ་རེད། 2021ལོའི་ཟླ་10ཚེས་10ཉིན། རང་སྐྱོང་ལྗོངས་ཟུངས་ཁྲག་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཚེ་རིང་ནོར་བུས་ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། བོད་ལྗོངས་འབུལ་གསུམ་ཞབས་འདེགས་མཐུན་ཚོགས་དངོས་སུ་བཙུགས་ཐུབ་པ་རེད།

    ཚེ་རིང་ནོར་བུས། ང་རང་1988ལོར་སྐྱེས་པ་དང་ཕ་ཡུལ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ནས་ཡིན། སློབ་གྲྭར་འགྲོ་སྐབས་སྦྱངས་འབྲས་ཧ་ཅང་ཡག་པོ་ཡོད་པས། འཛིན་གྲྭའི་ནང་ཨང་གསུམ་པ་ནས་ཆག་མྱོང་མེད། དམའ་འབྲིང་འགྲིམ་སྐབས་སུའང་སློབ་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་མྱོང་ཡོད་ལ་དམའ་འབྲིང་ལོ་རིམ་གཉིས་པའི་ལོ་དེར་ད་དུང་རང་སྐྱོང་ལྗོངས་ཀྱི“བཟང་པོ་གསུམ་ལྡན་གྱི་སློབ་མའི”མཚན་སྙན་ཐོབ་པས། དགེ་རྒན་དང་སློབ་གྲོགས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁྱིམ་དུ་ང་དང་ཞབས་ཐང་ཐང་མེད་པའི་པཱ་ལགས་གཉིས་ལས་མེད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད། གལ་ཏེ་མུ་མཐུད་སློབ་གྲྭར་བསྐྱོད་ན་ཁྱིམ་ཚང་གི་ཁུར་པོ་ལྕི་རུ་འགྲོ་ངེས་ཡིན་པས། འབྲིང་རྒྱུགས་གཏོང་ཉེའི་སྐབས་སུ་ངས་སློབ་མཚམས་བཞག་ནས་ཕྱིར་ཡོང་འབབ་གསོག་པར་ཕྱིན་པ་ཡིན་ཞེས་གསར་འགོད་པར་བཤད།

    2010ལོར་སྟེས་དབང་ཞིག་གིས་ཁོང་ལྷོ་ཁ་ནས་ལྷ་སར་ཡོང་འབབ་གསོག་པར་བསྐྱོད་ཅིང་། ཐོག་མར་ར་མོ་ཆེར་ལོ་གཉིས་ཙམ་ཚོང་བརྒྱབ་ནས་བསྡད་པ་དང་། དེ་ནས་སློབ་སྦྱོང་དང་ལུས་རྩལ་ཡོ་ཆས་ཚོང་ཁང་དུ་ལས་ཀ་བྱས་པ། རྗེས་སུ་འགན་བཅོལ་ཀུང་སི་ཞིག་ཏུ་ལས་ཀར་བསྐྱོད། འཚོ་བའི་ཆེད་ལས་ཀ་ཡང་ཡང་བརྗེ་བའི་དུས་ཚོད་དེ་དག་རིང་ཁོང་ལ་ད་ལྟའི་བཟའ་ཟླ་ཐུག་པ་རེད། 2013ལོར། ཁོང་གིས་སྐད་འཕྲིན་ཚོགས་པ་ནས་ནུ་མར་འབྲས་སྐྲན་ཕོག་པའི་ནད་པ་ཞིག་གི་རོགས་རམ་རེ་འདུན་ཞུ་བའི་ཆ་འཕྲིན་མཐོང་བས། ཁོང་གིས་ཆ་འཕྲིན་བརྒྱུད་བསྐུར་བྱས་པ་མ་ཟད། ད་དུང་ནད་པར་སྒོར་700ལྷག་ཙམ་གྲབས་གསོག་བྱས་པ་དང་། 2017ལོར་བོད་དམག་ཁུལ་ཁང་གི་སྤྱི་ཁྱབ་སྨན་ཁང་དུ་འཚིགས་ནས་རྨས་པའི་ཕྲུ་གུ་ཞིག་ལ་ཚེ་རིང་ནོར་བུས་སྒོར་ཁྲི་2ལྷག་ཙམ་གྲབས་གསོག་བྱས་པ་རེད། མི་གཞན་ལ་རོགས་རམ་བྱེད་པའི་བརྒྱུད་རིམ་དུ་ཚེ་རིང་ནོར་བུས་སྤྱི་ཕན་ཚོགས་པའི་དང་བླངས་པ་མང་པོ་ཞིག་ངོ་ཤེས་ནས་ལག་གདང་སྦྲེལ་ཞིང་སེམས་པ་མཐུན་པའི་གཅེས་སེམས་དང་བླངས་ཚོགས་པར་ཞུགས་ཏེ། གཙོ་བོ་ཚོགས་པའི་དྲིལ་བསྒྲགས་དང་དངོས་ཟོག་གྲབས་གསོག་གི་འགན་ཁུར།

    2017ལོའི་ལོ་མཇུག་ཏུ། ཚེ་རིང་ནོར་བུས་དམངས་ཁྲོད་ཀྱི་དང་བླངས་ཚོགས་པ་ཞིག་བཙུགས་པར་དང་བླངས་པ་30ལྷག་ཙམ་ཞུགས་པ་རེད། ཚོགས་པས་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོར་དངོས་ཟོག་ཞལ་འདེབས་རྒྱག་པ་ཕུད། ད་དུང་ནད་ལྕི་པོ་ཕོག་པའི་ནད་པར་སྨན་རིན་གྲབས་གསོག་བྱེད་ཅིང་། གཙོ་བོ་ཆུ་ཐིགས་གྲབས་གསོག་དང་ཤར་གཏོང་གྲབས་གསོག་སོགས་ཀྱི་ལས་སྟེགས་བརྒྱུད་ནད་པའི་རོགས་རམ་རེ་འདུན་ཆ་འཕྲིན་རྩོམ་འབྲི་དང་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ནས་སྨན་རིན་གྲབས་གསོག་བྱེད་ཀྱི་ཡོད། ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་ཚེ་རིང་ནོར་བུས་ཡིག་ཁུག་མཐུག་པོ་ཞིག་བླངས་པའི་ནང་དུ་སྔོན་མ་ཁོང་གིས་རོགས་རམ་བྱས་པའི་ནད་པའི་དཔྱད་ཡིག་ཤ་སྟག་བླུགས་འདུག ཚོགས་པ་བཙུགས་པ་ནས་བཟུང་། ཁོང་གིས་ཁྱོན་ནད་པ་60ལྷག་ཙམ་ལ་རོགས་རམ་བྱས་པ་ཤེས་རྟོགས་བྱུང་།

    ཚེ་རིང་ནོར་བུའི་ཁྱིམ་གྱི་གྱང་ལྡེབས་སུ་གོས་དར་དང་བསྔགས་བརྗོད་ཡི་གེས་ཁེངས་ལ་ཆ་སྒམ་གྱི་སྟེང་དུ་ཁྲག་སྦྱིན་འབུལ་བའི་ལག་ཁྱེར་12བསྒྲིགས་འདུག 2020ལོར་ཚེ་རིང་ནོར་བུ་རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་རྟགས་ཚོགས་པའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་འོས་འདེམས་དྲིལ་བསྒྲགས་ཀྱི་བྱེད་སྒོར་རྒྱ་གྲམ་དམར་རྟགས་ཚོགས་པའི་ཕུལ་བྱུང་དང་བླངས་པར་བདམས་པ་རེད།

    ཚེ་རིང་ནོར་བུས། སླད་ཕྱིན་བོད་ལྗོངས་འབུལ་གསུམ་ཞབས་འདེགས་མཐུན་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་འབུལ་གསུམ་ཤེས་བྱ་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་དེ་བས་མང་བས་འབུལ་གསུམ་ཤེས་བྱ་ཤེས་རྟོགས་དང་སྤྱི་ཕན་བྱ་གཞག་ལ་ཞུགས་ཏེ། མང་ཚོགས་ཀྱི་སྤྱི་ཕན་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཕན་བྱ་གཞག་ཇི་ཙམ་གཉེར་བ་དེ་ཙམ་གྱིས་རྒྱ་སྟོབས་ཆེ་རུ་འགྲོ་བར་བྱས་ནས། མི་དེ་བས་མང་བར་གཅེས་སེམས་བརྒྱུད་སྤྲོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།