[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རང་ལྗོངས་ཀྱི་ སྲིད་དོན་ཞབས་ཞུ་སྒྲུབ་མཚམས་མི་འཇོག་པ།

    “དྲ་ཐོག་ནས་གཉེར་ན”དེ་བས་སྟབས་བདེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-13

    རིམས་ནད་ཐོན་ཚུན་དུ་མི་ཚང་མས་གང་སར་མི་འགྲོ་བར་རང་ཁྱིམ་དུ་སྡོད་པ་ནི་རིམས་ནད་འགོག་རྒོལ་ལ་ཕུལ་བའི་ལེགས་སྐྱེས་ཡག་ཤོས་ཤིག་རེད། མང་ཚོགས་དང་ཁེ་ལས་ཀྱི་ལས་སྒྲུབ་དགོས་མཁོ་སྐོང་ཆེད། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས“དྲ་ཐོག་ནས་རེ་ཞུ་བྱེད་པའི”བྱེད་ཐབས་སྔོན་ལ་སྤྱད་དེ་ལས་དོན་སྒྲུབ་པའི་གྲོས་འགོ་བཏོན་ཡོད། “དྲ་ཐོག་ནས་གཉེར་བ”དང“ཁྱིམ་དུ་བསྡད་དེ”གཉེར་བ་སོགས་དྲ་ཐོག་གི་སྒྲུབ་གཉེར་བྱེད་ཐབས་ཀྱིས་མང་ཚོགས་ལ་ཕྱིར་སྐྱོད་མི་དགོས་པར་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་གྱིན་ཡོད།

    རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མང་ཚོགས་ལ“དྲ་ཐོག་ནས་གཉེར་རྒྱུའི”གྲོས་འགོ་བཏོན་ཞིང་། དེ་ཡང“བོད་ཀྱི་ལས་གཏོད”དང་།“བོད་ཀྱི་རྩལ་ནུས”“བོད་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར”“བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”སོགས་སྐད་འཕྲིན་གྱི་སྤྱི་རྟགས་སམ་ཡང་ན“བོད་རང་སྐྱོང་ལྗོངས་སྤྱི་པའི་ལས་ཞུགས་ལས་བསྡུའི་དྲ་བ”བརྒྱུད་ལས་ཀ་འཚོལ་བ་དང་ལས་མི་བསྡུ་བའི་འབྲེལ་ཡོད་ཆ་འཕྲིན་དང་ལས་གཏོད་མཛུབ་ཁྲིད་སོགས་གནས་ཚུལ་ཤེས་རྟོགས་བྱེད་ཆོག་པ་དང་། དྲ་རྒྱ་དང་ཁ་པར་སོགས་བརྒྱུད་སྒྲུབ་གཉེར་བྱ་རྒྱུའི་གྲོས་འགོ་བཏོན་པ། གཞན་ཡང་ད་དུང“གདོང་ཐུག་མི་དགོས་པའི་ཞབས་ཞུ”དང“ཁ་པར་ནས་བློ་འདྲི་བྱེད་པ”སོགས་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་སྟེ་སྤུས་ལེགས་ནུས་ཆེ་དང་བདེ་འཇགས་ལྡན་ལ་བློ་ཡིད་ཚིམ་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་གི་ཁྲལ་གཉེར་ཞབས་ཞུ་ཡག་པོ་སྒྲུབ་ཆེད། རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་དང“ཐུག་འཕྲད་བྱེད་མི་དགོས་པའི”བྱེད་ཐབས་གང་ལེགས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་སྲིད་འཛིན་འཁོར་རྒྱུག་བྱེད་མཚམས་མི་ཆད་པ་དང་ཁྲལ་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་སྤུས་ཀ་ཞན་དུ་མི་འགྲོ་བའི་འགན་ལེན་ནུས་ལྡན་བྱས་ཡོད།

    བོད་ལྗོངས་དངུལ་ཁང་གིས་མང་ཚོགས་ལ་བློ་བདེ་པོའི་ངང“ཁྱིམ་དུ་བསྡད་དེ”ལས་སྒོ་གཉེར་རྒྱུའི་གྲོས་འགོ་བཏོན་ཞིང་། འཛད་སྤྱོད་པས་བོད་ལྗོངས་དངུལ་ཁང་གི་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ཏེ། སྐད་འཕྲིན་དངུལ་རྩ་བརྒྱུད་དངུལ་ཁང་གཱ་གཉེར་རྒྱུའི་གན་རྒྱ་འཇོག་པའམ་ཡང་ན་གན་རྒྱ་མེད་པར་བཟོ་བ་དང་། དངུལ་ལྷག་གྲངས་དང་རྩིས་ཁྲ་ཁ་གསལ་འདྲི་རྩད་བྱེད་པ། གཱ་ནང་དངུལ་བླུགས་པ་དང་གཱ་ནས་དངུལ་བཏོན་པའི་ཆ་འཕྲིན་ཤེས་རྟོགས་དང་དེ་བཞིན་རྩིས་ཁྲར་དོ་དམ་བྱེད་པ་བཅས་བྱེད་ཆོག་གི་ཡོད། སྐད་འཕྲིན་ཞབས་ཞུ་བརྒྱུད་དངུལ་ཁང་གཱ་འཕྲལ་དུ་བོར་ཐོ་འགོད་པ་དང་། ཉེ་འགྲམ་གྱི་དྲ་ཚིགས་འདྲི་རྩད་བྱེད་པ། APPཕབ་ལེན་སོགས་བྱེད་ཆོག་གི་ཡོད།

    ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འཛད་སྤྱོད་པར་གལ་ཏེ་དངུལ་ཁང་གི་ལས་སྒོ་གཉེར་དགོས་ཚེ། དང་ཐོག་ཞིང་ལས་དངུལ་ཁང་གི་སྦར་མཐིལ་དངུལ་ཁང་དང་། དྲ་ཐོག་དངུལ་ཁང་། “ཀྲུང་གོ་ཞིང་ལས་དངུལ་ཁང”དང“ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཡིད་རྟོན་གཱ”ཡི་སྐད་འཕྲིན་སྤྱི་རྟགས་སོགས་ཞབས་ཞུ་འདེམས་ཆོག་གི་ཡོད། ཞིང་ལས་དངུལ་ཁང་སྦར་མཐིལ་དངུལ་ཁང་གི་APPནི་གཅིག་འཐུས་རྣམ་པའི་དངུལ་རྩའི་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པའི་ངོས་ནས། དངུལ་བསྒྱུར་རུང་འགྲོ་ལུགས་གྲོན་དངུལ་མི་དགོས་པ་དང་། དངུལ་དུས་ཐོག་ཏུ་འབྱོར་བ། འབྱོར་སྐྱོང་ཐད་དངུལ་གཏོང་བ། དྲ་ཐོག་ནས་གྲོན་དངུལ་སྤྲོད་པ་སོགས་བྱེད་ཐུབ་ཀྱི་ཡོད། དངུལ་ཁང་གཱ་ཡོད་ཚེ་APPརང་བརྟེན་ངང་ཕབ་ལེན་དང་ཐོ་འགོད་བྱས་ནས་འབྲེལ་ཡོད་ལས་སྒོ་གཉེར་ཆོག་གི་ཡོད།

    ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་དབྱིས་གཏོང་སྤྲོད་ཞབས་ཞུས་ཕྱིར་སྐྱོད་མི་དགོས་པར་ལས་སྒོ་གཉེར་གྱི་ཡོད། འཛད་སྤྱོད་པས་དབྱིས་གཏོང་སྤྲོད་སྤྱད་ནས་ལག་ཐོགས་ཁ་པར་གྱི་གྲོན་དངུལ་དང་། གཏན་འཇགས་ཁ་པར་གྱི་གྲོན་དངུལ། དྲ་ཆེན་གྱི་གྲོན་དངུལ་བཅས་སྐྱེལ་ཐུབ་ཀྱི་ཡོད་པས་ཁ་པར་གྱི་དངུལ་རྫོགས་ནས་ཁ་པར་རྒྱག་མི་ཐུབ་པ་དང་དྲ་བ་ཆད་པ་སོགས་ཀྱི་གནས་ཚུལ་མི་ཐོན་སྔོན་འགོག་བྱས་པ་དང་། གློག་འཕྲིན་སྤྱོད་མཁན་གྱིས་ད་དུང་དུས་ངེས་མེད་དུ་ཁ་པར་གྱི་གྲོན་དངུལ་དང་ཁ་པར་གྱི་ལས་སྒོ་སྣ་ཚོགས་འདྲི་རྩད་ཐུབ་ཀྱི་ཡོད་པས་དྲ་ཐོག་ནས་གཉེར་ན་དེ་བས་བློ་བདེ་པོ་ཡོད། དབྱིས་གཏོང་སྤྲོད་ཀྱིས་ད་དུང་གཟའ་འཁོར་གཅིག་རིང་ཉིན་མཚན་དབྱེར་མེད་དུ་དྲ་ཐོག་ནས་ཆུ་རིན་དང་། གློག་རིན། སོལ་རླངས་ཀྱི་རིན་པ། བརྙན་འཕྲིན་རིན་པ་སོགས་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་རྒྱ་ཆེའི་སྤྱོད་མཁན་ཚོའི་འཚོ་བར་སྟབས་བདེ་བསྐྲུན་ཡོད།

    འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལག་ཐོགས་ཁ་པར་གྱི་APPཡི“འཚོ་བ་ལོངས་སུ་སྤྱོད”ཅེས་པའི་ཞབས་ཞུ་སྤྱད་དེ་སོལ་རླངས་ཀྱི་རིན་པ་བསྐྱལ་མ་ཐག་པའི་སྐུ་ཞབས་ཚུའེ་ལགས་ཀྱིས་ད་ལྟ་ཁྱིམ་དུ་ལོགས་སུ་སྡོད་རིང་གྲོན་དངུལ་སྣ་ཚོགས་སྐྱེལ་བར་APPདེ་མེད་དུ་མི་རུང་བ་ཞིག་ཡིན། དྲ་ཐོག་གི་ཞབས་ཞུ་སྣ་ཚོགས་ལས་ཧ་ཅང་སྟབས་བདེ་པོའི་ངང་འཚོ་བའི་དཀའ་ངལ་ཐག་གཅོད་ཡག་པོ་ཐུབ་ཀྱི་འདུག་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།