[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2020ལོའི་དམངས་འཚོའི་ལས་དོན་གསལ་འགྲེལ།

    ཉེ་དུས་ཀྲུང་དབྱང་གི་པུའུ་ཨུད་ཁག་གིས་ཚོགས་འདུ་ཡང་ཡང་འཚོགས་ནས་2020ལོའི་ལས་དོན་བཀོད་སྒྲིག་བྱེད་པའི་རིང་དམངས་འཚོའི་ཁྱབ་ཁོངས་ཀྱི་བཀོད་སྒྲིག་གལ་ཆེན་མང་དག་ཅིག་གསལ་སྟོན་བྱས་ཡོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-22

    “དབུལ་སྐྱོར”

    ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་སྒུལ་རྣམ་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ● རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བསྟན་དོན། 2020ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་ཇུས་གཞི་མུ་མཐུད་ལག་བསྟར་བྱེད་མགྱོགས་སུ་བཏང་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུ་དང་མི་འབོར་དབུལ་པོ་དང་རྫོང་དབུལ་པོ་ལྷག་མ་དབུལ་སྒྲོལ་ཞྭ་ཕུད་ཀྱི་ལས་འགན་ལེགས་སྒྲུབ་བྱ་རྒྱུ། དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་སྒུལ་རྣམ་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    སྡོད་ཁང་འཛུགས་སྐྲུན་པུས་བསྟན་དོན། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་སྒྱུར་བཀོད་བྱེད་དགོས་པའི་དུད་ཚང་ཁྲི་135.2ཀྱི་ཉེན་ཡོད་སྡོད་ཁང་ཆ་ཚང་2020ལོར་ལས་མཇུག་འགྲིལ་ཐུབ་པ་བྱ་རྒྱུ།

    ཆུ་བེད་པུས་བསྟན་དོན། 2020ལོར་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུ་དེ་ཆུ་བེད་དབུལ་སྐྱོར་གྱི་འདུ་འགོད་ཨང་དང་པོར་བརྩིས་ནས་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མར་དམིགས་ཏེ་རྩིས་ཁྲ་བཟོ་བ་དང་གཙོ་གནད་ཐོག་ལྟ་སྐུལ་བྱས་ཏེ་2020ལོའི་ཟླ་6པའི་ཟླ་མཇུག་གོང་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་གནད་དོན་ཆ་ཚང་ཐག་གཅོད་ཐུབ་པ་བྱ་རྒྱུ།

    “སྨན་བཅོས”

    རྒྱལ་ཁབ་ཀྱི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ནས“རྒན་གཅིག་གཞོན་གཅིག”གི་ལྟ་སྐྱོང་ཞབས་ཞུ་དང་བུད་མེད་དང་བྱིས་པའི་བདེ་སྲུང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ།

    ◆2020ལོར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་དོ་དམ་ཚད་ལྡན་བཟོ་བ། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་དོན། “རྒན་གཅིག་གཞོན་གཅིག”གི་ལྟ་སྐྱོང་ཞབས་ཞུ་དང་བུད་མེད་དང་བྱིས་པའི་བདེ་སྲུང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དང་། ཁྱིམ་ཚང་གི་བུ་བཙར་རོགས་སྐྱོར་བྱེད་པའི་ལམ་ལུགས་ཀྱི་མ་ལག་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས་རྣམ་པ་སྣ་ཚོགས་ཀྱི་བུ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ། ནུས་ཤོར་རྒན་རྒོན་ལ་དུས་ཡུན་རིང་པོ་ལྟ་རྟོག་དང་ཞབས་འདེགས་ཞུ་བའི་མ་ལག་འཚོལ་ཞིབ་ཀྱིས་བཙུགས་ནས་རྒན་རྒོན་ལ་སྔ་ཙམ་དང་། ཆ་ལག་ཚང་བ། ཆེད་ལས། རྒྱུན་མཐུད་བཅས་ཀྱི་བདེ་ཐང་སླར་གསོའི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ།

    “རྒན་གསོ”

    རྒན་རྒོན་གྱི་སྤྱོད་ཆས་ཐོན་ལས་འཕེལ་རྒྱས་སྲིད་ཇུས་བཏོན་ནས་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་ལེགས་གྲུབ་བྱ་རྒྱུ།

    ◆ དམངས་སྲིད་པུས་བསྟན་དོན། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས་རྒན་གསོའི་ཞབས་ཞུའི་སྲིད་ཇུས་དོན་འཁྱོལ་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་ནས་ལྟ་སྐུལ་དོན་འཁྱོལ་གྱི་སྲིད་ཇུས་བྱེད་ཐབས་བཟོ་རྒྱུ། རྒན་གསོའི་ཞབས་ཞུ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་རྒན་རྒོན་གྱི་ནུས་པ་དང་དགོས་མཁོར་ཕྱོགས་བསྡུས་དཔྱད་དཔོག་བྱེད་པའི་ཚད་གཞི་བཟོས་ཏེ་རྒན་རྒོན་གྱི་སྤྱོད་ཆས་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་འདོན་པ་དང་། སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་བཟོ་བའི་བྱ་སྤྱོད་དང་རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཆུ་ཚད་མཐོར་གཏོང་གི་བྱ་སྤྱོད་སྤེལ་ཏེ་རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་ལེགས་སྒྲུབ་བྱ་རྒྱུ། རྒན་གསོའི་ཞབས་ཞུའི་སྒྲིག་ཆས་སྣ་ཚོགས་ཡག་པོ་བཟོ་བ་དང་བེད་ཡག་པོ་སྤྱད་དེ་སྤྱི་ཚོགས་དང་ཁྱིམ་ཚང་ལ་ཁྱབ་པའི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་བཏང་སྟེ་ཁྱིམ་སྡོད་དང་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་དང་ལུས་གསོ་དང་བདེ་ཐང་དང་ལུས་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    “ཁོར་ཡུག་སྲུང་སྐྱོང”

    གཙོ་གནད་ས་ཁོངས་ཀྱི་སྟོན་དགུན་གཉིས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་ལ་གཙོ་གནད་ཐོག་དམ་འཛིན་ནན་པོ་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    ★ སྣོད་བཅུད་ཁོར་ཡུག་པུས་བསྟན་དོན། 2020ལོར《དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི》དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བ་བྱས་ཏེ། གཙོ་གནད་ས་ཁོངས་ཀྱི་སྟོན་དགུན་གཉིས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱིང་གི་འགག་སྒྲོལ་ལ་དམ་འཛིན་བྱ་རྒྱུ། བྱང་ཕྱོགས་ས་ཁུལ་གྱི་དྭངས་གཙང་དྲོད་ལེན་ལ་སྐུལ་འདེད་འོས་འཚམ་གཏོང་རྒྱུ། “ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག”བཅས་ཀྱི་ཁེ་ལས་རྒྱུན་མཐུད་ངང་བཅོས་སྒྲིག་བྱས་ཏེ་ཁྲའེ་ཡིའུ་སྣུམ་གྱི་དོས་སྐྱེལ་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་ནག་ལ་བཙོག་པའི་ཆུ་བཅོས་སྒྲིག་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ། འཛུགས་སྐྲུན་ས་ཆའི་སྦགས་བཙོག་གི་ཉེན་ཁ་དོ་དམ་ཚོད་འཛིན་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “སྦགས་བཙོག་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ཚོད་ལྟའི་ས་ཚིགས་རྒྱ་ཆེར་གཏོང་རྒྱུ།

    སྡོད་ཁང་འཛུགས་སྐྲུན་པུས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གཙོ་གནད་གྲོང་ཁྱེར་46གིས་2020ལོར་འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་མ་ལག་འཛུགས་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། གྲོང་ཁྱེར་གྱི་ནག་ལ་བཙོག་པའི་ཆུ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་2020ལོའི་ལོ་མཇུག་གོང་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ནག་ལ་བཙོག་པའི་ཆུ་90%ཡན་མེད་པ་བཟོ་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།