[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འབྱོར་འབྲིང་གི་འཚོ་བ་གསར་པ།

    —— ཆོས་དར་གྱི་དབུལ་སྒྲོལ་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-13

    སྒེར་རྩེ་རྫོང་ནས་ཡིན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ཆོས་དར་གྱི་ཁྱིམ་དུ་སྐྱོད་སྐབས་ཁྱིམ་ཆས་དང་དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་གསར་རྐྱང་གང་དགོས་ཚང་མ་འཛོམས་ནས་འབྱོར་འབྲིང་ཁྱིམ་ཚང་གི་རྣམ་པ་ཞིག་ངང་གིས་ཚོར་ཐུབ། “སྤྲོ་སྐྱིད་ཁང་གསར་དུ་སྤོས་པའི་ལོ་གཉིས་ནང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཆོས་དར་གྱིས་དགའ་སྤྲོའི་ངང་བཤད།

    སྔོན་ཆད་ཆོས་དར་ནི་སྒེར་རྩེ་རྫོང་འོ་མ་ཤང་རྟ་རབ་གྲོང་ཚོའི་འབྲོག་པ་དཀྱུས་མ་ཞིག་ཡིན་པ་དང་ཁོང་བཟའ་ཚོ་གཉིས་དང་ཕྲུ་གུ་གསུམ་གུར་ནང་འཚང་ཁ་བརྒྱབ་ནས་སྡོད་ཀྱི་ཡོད་ལ་ཕྱུགས་རིགས་མང་པོ་མེད་པ་དེ་དག་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་2ཡང་ཟིན་གྱི་མེད། གུར་ནང་གློག་མེད་པ་དང་འཐུང་ཆུ་གཙང་འགྲམ་དུ་ལེན་པར་འགྲོ་དགོས་པ་མ་ཟད་ལྷག་པར་དུ་དགུན་ཁ་སླེབས་སྐབས་འཚོ་བར་དཀའ་ངལ་དེ་བས་ཆེན་པོ་འཕྲད་ཀྱི་ཡོད།

    2017ལོར་མངའ་རིས་ས་ཁུལ་གྱི་གཅིག་གྱུར་བཀོད་སྒྲིག་འོག་ཆོས་དར་གྱི་ཁྱིམ་སེང་གེ་ཁ་འབབ་གྲོང་རྡལ་སྤྲོ་སྐྱིད་ཁང་གསར་ནང་སྤོས་པས་ཐོག་སོ་ཉིས་ལྡན་གྱི་སྒོ་ར་རང་འགྲིག་གི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་། དྲོད་རླངས་དང་། ཆུ། གློག དྲ་རྒྱ་སོགས་ཀྱི་གནད་དོན་ཚང་མ་སྲིད་གཞུང་གིས་ཐག་གཅོད་བྱས་པ་མ་ཟད་ཁོང་དང་བཟའ་ཟླའི་ལས་ཀའང་ཐག་གཅོད་བྱས་པ་རེད། གཅིག་གྱུར་གསོ་སྦྱོང་བརྒྱུད་མིག་སྔར་ཆོས་དར་མངའ་རིས་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་བདེ་སྲུང་བ་བྱེད་པ་དང་ཟླ་རེར་གླ་ཆ་སྒོར་2700ལྷག་ཙམ་ཡོད་པ་དང་བཟའ་ཟླའང་སྤྲོ་སྐྱིད་ཁང་གསར་གྱི་མཉམ་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པས་བཟའ་ཚོ་གཉིས་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཡོད་པ་རེད།

    “བུ་སྐྱེལ་འདྲེན་ལས་ལ་གཞོལ་བཞིན་ཡོད་པས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་དེ་བས་ཡག་ཏུ་འགྲོ་ངེས་རེད། ངས་ཀྱང་སླད་ཕྱིན་གྱི་ལས་དོན་ཁྲོད་མང་ཚོགས་ལ་བྱ་བ་དངོས་མང་ཙམ་བསྒྲུབས་ནས་ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ཡོངས་ཀྱིས་ང་ཚོའི་ཁྱིམ་ཚང་ལ་ཐུགས་ཁུར་གནང་བར་དྲིན་ལན་འཇལ་ནས་མངའ་རིས་ཀྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ཆོས་དར་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།