[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡུལ་གཞན་དུ་གནས་སྤོས་བྱས་པས་བོད་ལྗོངས་ཆབ་མདོའི་མདའ་རོ་གྲོང་ཚོའི་ལྟ་བར་འགྱུར་ལྡོག་ཕྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-08

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3200ཡི་སར་ཆགས་པ་དང་། མཐའ་བཞི་གངས་རིས་སྐོར་ཞིང་བྲག་ཆུ་གཙང་པོ་གྲོང་ཚོ་བརྒྱུད་ཤང་ཤང་དུ་རྒྱུག་བཞིན་ཡོད་པས་ཡུལ་ལྗོངས་དེ་བས་མཛེས་སྡུག་ལྡན། སྲིད་འཛིན་གྲོང་ཚོ་དེའི་རང་བྱུང་གྲོང་ཚོ་བཞི་གནས་སྤོས་ཟླ་སྒྲིལ་བཏང་ནས་ད་ཆ་གྲོང་ཚོ་དེར་དུད་ཚང་105དང་མི་436ཡོད་པ་རེད།

    2018ལོར། མདའ་རོ་གྲོང་ཚོའི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི་532.38ཟིན་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3བྱུང་ཞིང་། ཆབ་མདོའི་འབྲེལ་ཡོད་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་གྲོང་ཚོ་ཚང་མ་དབུལ་སྒྲོལ་ཐུབ་ནས་ལྗོངས་ཡོངས་སུ་དབུལ་ཞྭ་འབུད་མཁན་གྱི་དཔེ་མཚོན་ཏུ་གྱུར་ཡོད་པ་རེད།

    2006ལོར་ཡུལ་གཞན་དུ་གནས་སྤོས་མ་བྱས་གོང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྗོངས་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ནོར་བུ་ཚེ་རིང་གི་ཁྱིམ་སྤྱི་ལེ་12སའི་ས་བབ་མཐོ་ཤོས་ཀྱི་གཡང་གཟར་རི་འདབས་སུ་ཡོད་པའི་སྡོད་ཁང་ས་ཕག་ལས་གྲུབ་པ་དང་རྒྱ་ཧ་ཅང་ཆུང་བས་ནང་མི་དྲུག་ཙིར་རིལ་འུ་རིལ་ངང་སྡོད་ཀྱི་ཡོད་ཅེས་བཤད།

    ནོར་བུ་ཚེ་རིང་གིས་ཡུལ་གཞན་དུ་གནས་སྤོས་བྱས་རྗེས་འཚོ་བ་དང་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་གྲོང་མིའི་འབབ་འཕར་ཐབས་ལམ་ཡང་ཇེ་ཡངས་སུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་སྟེ་ངལ་རྩོལ་ལ་ཧུར་ཐག་ཞུགས་པའི་ཁར། སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཇེ་མང་དུ་སོང་བས་ད་ཆ་མདའ་རོ་གྲོང་ཚོའི་འཚོ་བ་སྔོན་མ་དང་བསྡུར་ན་བདེ་སྐྱིད་ལྡན་པ་ཞིག་ཡོད་ཅེས་བཤད།

    2015ལོའི་གོང་དུ། མདའ་རོ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འགོ་གཙོ་བོ་ནི་སྲེག་མ་སྐྱེལ་འདྲེན་ཡིན་ཞིང་། ཚོང་ཡག་པའི་སྐབས་སུ་གྲོང་ཚོའི་དུད་ཚང་གི་ངལ་རྩོལ་ནུས་ཤུགས་ཚང་མ་སྲེལ་མ་སྐྱེལ་འདྲེན་གྱི་ལས་ཀར་ཞུགས་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ནས་ཁྲི་10བར་རག་གི་ཡོད། ལོ་དེར་མདའ་རོ་གྲོང་ཚོ་སྣོད་བཅུད་ཤེས་དཔལ་གྲོང་ཚོའི་དཔྱད་འདེམས་ལ་ཞུགས་པར་བརྟེན། གྲོང་ཚོ་ཨུ་ལྷན་གྱིས་སྲེག་མ་བཟོ་གྲྭ་སྒོ་བརྒྱབ་པ་རེད།

    དེ་དང་ཆབས་ཅིག གྲོང་ཚོས་2012ལོར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐོག་མ་སྟེ་རྩམ་འཐག་བཟོ་གྲྭ་བཙུགས་པ་དང་གཉེར་སྐྱོང་གཞི་ཁྱོན་ཡང་རིམ་གྱིས་ཆེ་རུ་ཕྱིན་ཁར་ད་ཆ་རྩམ་པ་ནང་སར་འཚོང་གི་ཡོད། ཕྱིས་སུ་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་རྡོ་གཤག་རུ་ཁག་བཙུགས་པར་བརྟེན་མདའ་རོ་གྲོང་ཚོའི་གྲོང་མི་ཕྱིར་སྐྱོད་མི་དགོས་པར་ཕ་ཡུལ་ནས་ལས་ཞུགས་ཐུབ་པ་བྱུང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།