[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རི་གྲོང་ཞིག་གི་གསོན་ཤུགས།

    —— ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གནས་གྲོང་ཚོར་ཐེངས་དགུ་སྐྱོད་པའི་བག་ཆགས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    སྟོན་ཁའི་ཧི་མ་ལ་ཡའི་ལྷོ་འདབས་སུ་ཚང་ཚིང་ནགས་ཚལ་གྱིས་ཁེངས་ཤིང་རི་རྩེར་སྨུག་པ་འཐིབས་ནས་ལྟ་ན་སྡུག་པ་ཞིག་སྣང་།

    རི་བོའི་ཚོགས་ཀྱིས་བསྐོར་བའི་གནས་གྲོང་ཚོའི་དཀྱིལ་དུ་ཞེང་ཁ་ཆེ་ཞིང་ཁོད་སྙོམས་པའི་ཨར་འདམ་གྱི་གཞུང་ལམ་ཞིག་བཟོས་ཡོད་པ་དེའི་གཡས་གཡོན་དུ། ཁང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ་བའི་ཐོག་བརྩེགས་གཉིས་ལྡན་གྱི་སྡོད་ཁང་མང་པོ་གྲལ་བསྒྲིགས་ནས་ཡོད།

    གྲོང་འདབས་ཀྱི་ཞིང་ནང་དུ་བརྔ་བསྡུའི་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་དོན་གྲུབ་ཀྱིས་སྟབས་བདེའི་བརྔ་བསྡུའི་འཕྲུལ་འཁོར་ཞིག་ཕྲག་ཏུ་ཁུར་ནས་གྲོ་བརྔ་བཞིན་འདུག ཁོང་གིས་ཉིན་འདི་དག་རིང་བྲེལ་བ་ཆེན་པོ་འདུག ཆུང་མ་གཞིས་རྩེ་གྲོང་ཁྱེར་དུ་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་ཕྱིན་སོང་། ཁོང་དང་གཅུང་མོ་དང་། གཅུང་མོའི་ཁྱོ་ག་བཅས་ཀྱིས་ཉིན་གཉིས་རིང་འབྲུ་རིགས་བརྔ་བསྡུ་ཚར་བར་བྱེད་ཀྱི་ཡིན་ཞེས་བརྗོད།

    “ལོ་འདི་དག་རིང་གྲོང་ཚོའི་དོན་དག་ཆེ་ཤོས་ནི། ས་ཡོམ་བརྒྱབ་རྗེས་གཏོར་སྐྱོན་ཕོག་ཐོ་བཀོད་པའི་ཁང་པ་ཚང་མ་བསྐྱར་སྐྲུན་བྱས་པ་དང་དུད་ཚང་རེར་ཁ་གསབ་དངུལ་སྒོར་ཁྲི་18.2རེ་སྤྲད་པ་དེ་རེད”“གྲོང་ཚོ་ཧྲིལ་པོར་དུད་ཚང་105ཡོད་པ་དང་ཆེ་ཆུང་མི་འདྲ་བའི་བོད་བཟོའི་ཐོག་ཁང་67བསྐྲུན་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོ་ཐུབ་ཡོད”ཅེས་རྡོ་རྗེ་དོན་གྲུབ་ཀྱིས་འཕྲུལ་འཁོར་ལ་སྣུམ་བླུགས་རྗེས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།

    2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་སོམ་རིམ་པ་8.1བརྒྱབ་པར་གནས་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་ནས། སྡོད་ཁང་མང་པོ་བརྡིབས་པ་མ་ཟད། ད་དུང་མི་4རྐྱེན་ལམ་དུ་ཤོར་བ་དང་མི་415ལ་གནོད་འཚེ་ཕོག་ནས། གྲོང་མི་ཚང་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་།

    གནས་གྲོང་ཚོ་དང་ལྷ་སའི་དབར་སྤྱི་ལེ་900ཡོད་ཀྱང་། ས་ཡོམ་བརྒྱབ་རྗེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སྔ་རྗེས་སུ་ཐེངས་དགུ་བསྐྱོད་ནས་བཅར་འདྲི་དང་བརྟག་ཞིབ་བྱས་ཏེ། གནས་གྲོང་ཚོ་དེ་ས་ཡོམ་གྱི་གནོད་འཚེ་ལས་ཐར་ནས་ཁྱིམ་གཞིས་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་དཔང་པོ་བྱས།

    རྡོ་རྗེ་དོན་གྲུབ་ཀྱི་ཞིང་ཁའི་འཁྲིས་སུ། རྒན་མོ་པ་སངས་ཀྱིས་ཁྱིམ་མི་འཁྲིད་ནས་ཟོར་བ་ལ་བརྟེན་ནས་རང་ཁྱིམ་གྱི་ཞིང་ཁའི་གྲོ་བརྔ་བཞིན་འདུག གསར་འགོད་པས་ལག་ཐོགས་ཁ་པར་ནང་གི་2016ལོའི་བོད་ཀྱི་ལོ་གསར་སྐབས། གནས་གྲོང་ཚོར་ཐེངས་དྲུག་པ་སྐྱོད་སྐབས་བརྒྱབ་པའི་པར་བསྟན་པས་རྒན་མོ་པ་སངས་ཧ་ཅང་དགའ་པོ་བྱུང་སོང་།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཐེངས་དང་པོར་རྒན་མོ་པ་སངས་མཐོང་སྐབས་ནི་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པ་རེད། དེ་དུས་ཁོང་གིས་ས་ཡོམ་རྒྱག་སྐབས་གྲོང་མི་ཚོ་དངངས་སྐྲག་ཚད་མེད་སྐྱེས་ནས་ཕྱོགས་བཞིར་བྲོས་པའི་ངང་ཚུལ་བརྗོད། སྐབས་དེར། གསར་འགོད་པས་ཁོང་གངས་རི་དང་རྒྱལ་དར་དང་རས་གུར་བཅས་ཀྱི་མདུན་དུ་ལངས་པའི་པར་ཞིག་བརྒྱབ་པ་དེ་ཤིན་ཧྭ་གསར་འགྱུར་ཁང་གི་ས་ཡོམ་གནས་ཚུལ་བདམས་བཀོད——《ཇོ་རིའི་དཔང་པོའི》མདུན་ཤོག་ཏུ་བཀོད་ཡོད།

    ད་ཆ་རྒན་མོ་པ་སངས་དང་ཁྱོ་གའི་གཅུང་མོ་བཅས་ཁྱིམ་ཚང་གཉིས་ཀྱི་ནང་མི་9སྨི་ངོས་གྲུ་225ཡོད་པའི་ཐོག་བརྩེགས་གཉིས་ལྡན་གྱི་སྡོད་ཁང་གསར་པར་སྤོས་ཡོད། “རྒྱལ་ཁབ་ཀྱིས་སྤྲད་པའི་ཁ་གསབ་དངུལ་གྱིས་སྡོད་ཁང་གསར་སྐྲུན་གྱི་གྲོན་དངུལ་འདང་གི་འདུག ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཡོད་ཚེ། འཚོ་བར་སེམས་ཁྲལ་གཅིག་ཀྱང་མི་འདུག”ཅེས་རྒན་མོ་པ་སངས་ཀྱིས་དགའ་ངུ་ཤོར་བཞིན་དེ་ལྟར་བརྗོད།

    ཕྱི་དྲོའི་གནས་གྲོང་ཚོར་མཚམས་རེར་སྤྲིན་པ་འཁྲིགས་ནས་ཆར་པ་འབབ་ཅིང་། མཚམས་རེར་ཉི་མ་ཤར་ནས་འཚིག་གྲབས་བྱེད་ཀྱི་འདུག

    ང་ཚོས་ཞིང་ཁ་ཞིག་གི་ནང་དུ་ཚེ་དབང་རྡོ་རྗེ་ཕྲད་བྱུང་། ལོ་64ལ་སོན་པའི་ཚེ་དབང་རྡོ་རྗེ་དང་། ཁོང་གི་ཆུང་མ་དང་། བུ། བུ་མོ་བཅས་ཀྱིས་ཞིང་ཁ་གཅིག་བརྔས་ཚར་ནས། གྲོ་ཕོན་ཚང་མ་འདྲུད་འཐེན་འཕྲུལ་འཁོར་ནང་བླུགས་ཏེ་ཞིང་ཁ་གཞན་ཞིག་བརྔ་རྩིས་བྱེད་ཀྱི་འདུག

    ཚེ་དབང་རྡོ་རྗེ་དང་ཁོང་གི་ཆུང་མ་མིག་དམར་ཡང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི“གྲོགས་པོ་རྙིང་པ”རེད། ས་ཡོམ་རྒྱག་སྐབས། མིག་དམར་གྱིས་ཁྱིམ་དུ་བྱིས་པ་གསོ་སྐྱོང་བྱེད་ཀྱི་ཡོད། ས་ཡོམ་བརྒྱབ་འཕྲལ་ཁོང་གིས་ཚ་བོ་ཚ་མོ་གཉིས་དྲུད་མ་དེད་ཀྱིས་གྲུ་ཟུར་ཞིག་ཏུ་བསྡད་པས་ཆུ་ཚོད་ཕྱེད་ཀ་ལྷག་ཕྱིན་རྗེས་གཞི་ནས་བསྐྱབས་ཐུབ་པ་བྱུང་།

    བུས་འདྲུད་འཐེན་འཁོར་ལོ་བཏང་སྟེ་གྲོ་དབོར་བའི་སྐབས་དང་བསྟུན་ནས། ཚེ་དབང་རྡོ་རྗེས་ང་ཚོ་ཁྲིད་དེ་ཁོང་གི་སྡོད་ཁང་གསར་པར་བསྐྱོད།

    དེ་ནི་ཐོག་བརྩེགས་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་ཞིག་རེད། དཀར་ཆ་དོད་པའི་སྡོད་ཁང་དེར་སྒེའུ་ཁུང་བདུན་ཡོད་པ་མ་ཟད། ད་དུང་སྒོ་དང་སྒེའུ་ཁུང་ལ་ཤམ་བུ་གསར་པ་བཀལ་འདུག སྨི་ངོས་གྲུ་200ཡོད་པའི་སྡོད་ཁང་དེར་ཁང་མིག་ཆེ་ཆུང་མི་འདྲ་བ་10འདུག་ལ། མགྲོན་བསུ་ཁང་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད། བཀར་ཁང་སོགས་མི་ཚང་བ་གཅིག་ཀྱང་མི་འདུག

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གནས་གྲོང་ཚོར་སྐྱོད་ཐེངས་རེར་མཐོང་བའི་འཕེལ་རྒྱས་ཀྱི་རྣམ་པ་མི་འདྲ་བ་དེ་རི་གྲོང་ཞིག་གི་ས་ཡོམ་རྗེས་ཀྱི་གསོན་ཤུགས་ཀྱི་དཔང་པོ་རེད།

    འདི་ལོའི་ཟླ་བཞི་པར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གནས་གྲོང་ཚོར་ཐེངས་བརྒྱད་པར་སྐྱོད་སྐབས། གྲོང་ཕྱིའི་རི་ལམ་མཁྲེགས་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་འདུག ཟླ་བཞིའི་རྗེས་སུ་གནས་གྲོང་ཚོར་ཐེངས་དགུ་པ་སྐྱོད་སྐབས། བཅར་འདྲིའི་རླངས་འཁོར་མ་དངུལ་སྒོར་ཁྲི་3100ལྷག་བཏང་ནས་བསྐྲུན་པའི་ཨར་འདམ་གྱི་རི་ལམ་དུ་བསྐྱོད་པ་དང་། གྲོང་ཚོའི་ནང་སྤྱི་པའི་གསང་སྤྱོད་བསྐྲུན་ཡོད་པ་མ་ཟད་གྲོང་ཚོའི་བུ་བཅོལ་ཁང་ཡང་སྐྲུན་བཞིན་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།