[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་པ།

    ​ འདི་ལོ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་135.25བཏང་ནས་ཁག་དང་པོའི་གྲོང་ཚོ་395བསྐྲུན་རྩིས་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    621282_yis_1557636981966_b.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཁོངས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་མག་མག་གྲོང་ཚོ་ཡིན་པ།

    གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། 2019ལོའི་ལྗོངས་ཡོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ཁག་དང་པོའི་གྲོང་ཚོ་395བསྐྲུན་རྩིས་ཡོད་པ་དེ་མཐའ་མཚམས་ཀྱི་མང་ཚོགས་དུད་ཚང་40801དང་མི་གྲངས་ཁྲི་15ཙམ་དང་འབྲེལ་བ་ཡོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་135.25གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། ཟླ་བཞི་པའི་ཟླ་མཇུག་བར་གྲོང་ཚོའི་འཆར་འགོད་ཡོངས་རྫོགས་ལ་ཞིབ་བཤེར་བྱས་ཟིན་ནས་གྲོང་ཚོ་330སྐྲུན་འགོ་ཚུགས་པའི་ནང་ནས་གྲོང་ཚོ་4བསྐྲུན་ཟིན་པ་རེད།

    མཐའ་མཚམས་དར་རྒྱས་དང་མཐའ་མཚམས་ཀྱི་མང་ཚོགས་ཕྱུག་པོ་ཆགས་ན་མཐའ་མཚམས་སྲུང་སྐྱོང་བརྟན་པོ་ཐུབ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་རང་རྒྱལ་གྱི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གྱི་གཙོ་ཆེའི་དྲ་ཚུགས་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཤུགས་ཆེན་བྱས་ཡོད།

    2017ལོའི་ཟླ་7པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད(2017ལོ་ནས་2020ལོ་བར)》བཀྲམ་ནས་ལྗོངས་ཡོངས་ཀྱི་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོ་628(དེའི་ནང་འཐབ་ས་དང་པོའི་གྲོང་ཚོ་427དང་འཐབ་ས་གཉིས་པའི་གྲོང་ཚོ་201དང་དེ་བཞིན་རྫ་ཡུལ་ཞིང་ར)ལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་གཏན་འཁེལ་བྱས་ཤིང་མཐའ་མཚམས་ཀྱི་མང་ཚོགས་དུད་ཚང་ཁྲི་6.2དང་མི་གྲངས་ཁྲི་24.2དང་འབྲེལ་བ་ཡོད་པ་མ་ཟད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་སྡོད་ཁང་ལེགས་བཅོས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། ཐོན་ལས་འཛུགས་སྐྱོང་། སྣོད་བཅུད་དང་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་སོགས་ཚུད་ཡོད་པ་རེད།

    འདི་ལོ་ཤར་ཚུན། རང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། མིག་སྔར། གྲོང་ཚོའི་ནང་གཞུང་ལམ་སྤྱི་ལེ་48དང་། ཆུ་དྭངས་བསིང་འབྱེད་ས(ཆུ་གསོག་རྫིང་བུ)32 བཙོག་ཆུ་ཕྱིར་འབུད་མདོང་ལམ་སྤྱི་ལེ་101 ཆུ་རགས་སྤྱི་ལེ་4 ཆུ་ཡུར་སྤྱི་ལེ་3བཅས་བསྐྲུན་འགོ་ཚུགས་པ་མ་ཟད། གྲོང་ཚོའི་ནང་ཉི་ནུས་ལམ་སྒྲོན་1675བསྒར་བ་དང་འཕྲིན་གཏོང་གི་སྐུད་ལམ་སྤྱི་ལེ་40འཁྲིད་པ་དང་སྦྲེལ་ཚུགས་47བཙུགས་ཡོད། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་སྨི་ངོས་གྲུ་ཁྲི་4.63དང་། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་སའི་ཐང་ཆེན་སྨི་ངོས་གྲུ་ཁྲི་3.84 བུ་བཅོལ་ཁང་སྨི་ངོས་གྲུ་ཁྲི་0.72བཅས་བསྐྲུན་འགོ་ཚུགས་པ། འདེབས་འཛུགས་ལས་རིགས་མུའུ་ཁྲི་0.43དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ས་ཚིགས་1 ཡུལ་སྐོར་ལས་རིགས་2 ཚོང་དོན་འཁོར་རྒྱུག་ལས་རིགས་1བཅས་འཕེལ་རྒྱས་བཏང་བ་དང་དུས་མཚུངས་ཤིང་འཛུགས་ནགས་བཟོ་མུའུ་438བྱས་པ་དང་གད་སྙིགས་གཙང་སེལ་ས་ཚིགས་17བསྐྲུན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་བཀོད་འདོམས་པུའི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་སུ་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་624དང་རྫ་ཡུལ་ཞིང་ར་སྐྲུན་རྩིས་ཡོད་པ་དང་། མཐའ་མཚམས་ཀྱི་མང་ཚོགས་དུད་ཚང་61598དང་མི་གྲངས་ཁྲི་24ཙམ་དང་འབྲེལ་བ་ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་212.14ཟིན་ཡོད། མིག་སྔའི་བར་གྲོང་ཚོ་559བསྐྲུན་འགོ་ཚུགས་པའི་ནང་གྲོང་ཚོ་60བསྐྲུན་ཟིན་པ་དང་གྲོང་ཚོ་65ལས་འགོ་འཛུགས་རྒྱུ་ཡིན་པ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་212.14གཏོང་རྩིས་ཡོད་པའི་ནང་ནས་མིག་སྔའི་བར་མ་དངུལ་སྒོར་དུང་ཕྱུར་72.96བཏང་ཟིན་པ་དེས་མ་འཇོག་བསྡོམས་འབོར་གྱི་34%བཟུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།