[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་དབུལ་སྐྱོར“ཐ་སྐྱོང”སྲིད་ཇུས་ལས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-14

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ནུས་ལྡན་ངང་སྦྲེལ་མཐུད་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་དག་ཐོན་ལས་རོགས་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས། སྣོད་བཅུད་སྲུང་སྐྱོང་སོགས་དབུལ་སྐྱོར་སྲིད་ཇུས་ཁྱབ་སའི་ཁོངས་སུ་བཅུག་ནས“འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་པ་དང་། རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར”ཐུབ་པ་བྱས་ཏེ་མང་ཚོགས་དབུལ་པོའི་རྒྱུན་གཏན་འཚོ་བར་འགན་སྲུང་བྱས་ཡོད་པ་རེད།

    རང་ལྗོངས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་14734ལ་འཚོ་སྐྱོང་བྱས་པའི་ནང་མི་8430གཅིག་སྡུད་འཚོ་སྐྱོང་བྱས་པ་དང་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་57.21%ཟིན་པ་དང་། སྨན་བཅོས་རོགས་སྐྱོབ་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་ཚང་བའི་མི་འབོར་དབུལ་པོ་ཚང་མ་ནད་ལྕི་དང་ཚབས་ཆེའི་ནད་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་ཡོད། 2018ལོ་ཧྲིལ་པོར་མི་ཐེངས་ཁྲི་13ལ་རོགས་སྐྱོབ་བྱས་པས་ནད་ཀྱིས་རྐྱེན་པས་དབུལ་པོ་རང་ལོག་མི་ཡོང་བ་བྱས་ཡོད། གནས་སྐབས་ཀྱི་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས“རོགས་སྐྱོབ་དཀའ་བའི”ལས་ཀའི་ཕུགས་ཕན་ལམ་སྲོལ་ཕྱོགས་ཡོངས་ནས་བསྐྲུན་པས་2018ལོ་ཧྲིལ་པོར་མི་ཐེངས་15215ལ་རོགས་སྐྱོབ་བྱས་པ་རེད།

    “གྲོང་སྡོད་ལས་དོན་རུ་ཁག་གིས་ང་ཚོར་ཚོང་ཁང་གཉེར་རོགས་བྱས་པ་མ་ཟད། ད་དུང་འབྲི་གཡག་ཀྱང་ཉོས་བྱུང་བས་ལོ་ལྟར་གྲོང་ཚོ་ནས་སྒོར་7000ལྷག་ཙམ་གྱི་བགོ་འགྲེམས་རག་གི་འདུག ད་ཆ་འཚོ་བ་དངོས་གནས་སྐྱིད་པོ་འདུག”ཅེས་ཐ་སྐྱོང་དབུལ་སྐྱོར་སྲིད་ཇུས་ལས་་ཕན་པ་ཐོབ་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤེ་པ་གྲོང་རྡལ་ལན་འབད་གྲོང་ཚོའི་གྲོང་མི་བདེ་སྐྱིད་ཀྱིས་གསར་འགོད་པར་དེ་ལྟར་བརྗོད།

    བདེ་སྐྱིད་དང་འདྲ་བའི་ངལ་ནུས་ཤོར་བའི་མི་སེར་མང་པོ་ཞིག་རང་ལྗོངས་ཀྱིས་སྤེལ་བའི་སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་དབུལ་སྐྱོར་སྲིད་ཇུས་ལས་དོན་ལས་རིམ་གྱིས་དབུལ་པོ་ལས་སྒྲོལ་ཐུབ་པ་བྱུང་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། 2020ལོར་རང་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་ཐ་སྐྱོང་བརྒྱུད་དེ་མི་ཁྲི་24དབུལ་པོ་ལས་སྒྲོལ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།