[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་ཕྱུག་ཐོན་ལས་དར་རྒྱས་བཏང། ལྗང་མདོག་ཕུགས་འདུན་དོན་གཉེར་བྱེད།

    —— ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-12

    གླེང་གཞི།

    སྣོད་བཅུད་ཀྱིས་རྐང་བྱེད་པ་དང་ཐོན་ལས་དམིགས་ཚད་དུ་བྱས་ཚེ་དར་རྒྱས་གོང་འཕེལ་འགྲོ་ཐུབ།

    “སྔོ་ཞིང་དྭངས་པའི་རི་ཆུ་དགོས་ལ་གསེར་རི་དངུལ་རིའང་དགོས་པ”ནས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”བར་ལྷོ་ཁ་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཐོན་ལས་ལ་བརྟེན་ནས་ཁོར་ཡུག་ལེགས་གཏོང་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་འབད་འཐབ་ཆེན་པོས་སྐྱོད་བཞིན་ཡོད།

    ◆གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་བྱེ་ཐང་སྔོ་ལྗང་དུ་གྱུར་བ།

    གྲ་ནང་རྫོང་བསམ་ཡས་གྲོང་རྡལ་རུའེ་ཧྥུང་ཞིང་ལས་དངོས་མང་སྟོན་ཚོགས་གླིང་གི་སེའུ་དམར་འདེབས་འཛུགས་རྟེན་གཞིར་ལྷ་མོས་མྱུ་གུ་འབུས་མ་ཐག་པའི་འབྲས་ཤིང་ལ་ཆུ་རྒྱག་པ་དང་ཡལ་གཅོད་རྒྱག་བཞིན་ཡོད། རྒྱང་ནས་བལྟས་ན་མུའུ་350ཡི་སེའུ་དམར་ཤིང་སྡོང་གི་ཡལ་ག་རྒྱས་པ་དང་སྐྱེ་ཚུལ་ཡག་པོ་ཡོད།

    བསམ་ཡས་གྲོང་རྡལ་འདི་ཉིད་ཡར་ཀླུང་གཙང་པོའི་ལུང་གཞུང་གི་བྱང་ངོགས་སུ་ཆགས་ཤིང་། དེ་སྔ་བྱེ་ཕུང་འབྲེལ་ཆགས་པ་དང་སྔོ་ཁེབས་ཉུང་བས་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པ་དང་མང་ཚོགས་ཀྱི་འཚོ་བ་དཀའ་ངལ་ཆེན་པོ་ཡོད། ཁོར་ཡུག་ལེགས་སུ་གཏོང་ཆེད་བསམ་ཡས་གྲོང་རྡལ་གྱི་མི་རབས་གསུམ་གྱིས་རྒྱུན་མཐུད་ནས་ལྕང་མ་བཏབ་པས་བྱེ་ཐང་རིམ་བཞིན་ཆུང་དུ་ཕྱིན་པ་དང་སྔོ་ཁེབས་རྒྱ་ཆེར་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་བྱེ་འགོག་བྱེ་བཅོས་སྔར་བས་བྱེད་པ་དང་སྣོད་བཅུད་ཐོན་ལས་ཀྱི་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོང་གི་རིན་ཐང་འདོན་སྤེལ་གང་ལེགས་བྱས་ཏེ་སྲོལ་རྒྱུན་ཞིང་ལས་དེང་རབས་ཀྱི་སྣོད་བཅུད་ཞིང་ལས་ལ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། བསམ་ཡས་གྲོང་རྡལ་གྱིས་སྔ་རྗེས་སུ་དབྱི་ལི་སྣོད་བཅུད་ཚོགས་པ་དང་ཅང་ཕིང་སྐྱེ་དངོས་ཚན་རྩལ་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ་དང“སྣོད་བཅུད་བྱེ་འགོག་དང་། ལྗང་མདོག་རྟེན་གཞི། དབུལ་སྐྱོར་གསར་སྤེལ”བཅས་མཉམ་འབྲེལ་གྱི་འཕེལ་རྒྱས་དཔེ་དབྱིབས་བརྒྱུད། གཙང་པོའི་རྒྱུད་ཀྱི་བྱེ་ཐང་ལ་སྣོད་བཅུད་ཐོན་ལས་ཕྱོགས་བསྡུས་གསར་འབྱེད་བྱས་ནས་སེའུ་དམར་དང་། འབྲི་ཏ་ས་འཛིན། ཁམ་སྡོང་སོགས་དེང་རབས་ཀྱི་ཞིང་ལས་འདེབས་འཛུགས་གླིང་བཙུགས་པར། བྱེ་ཐང་སྔོ་ཁེབས་སུ་གྱུར་བ་དང་ཆབས་ཅིག མི་1400ཐག་ཉེ་སར་ལས་ཞུགས་དང་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    ལྷ་མོས“སེའུ་དམར་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱས་ན་ཁྱིམ་དང་ཐག་ཉེ་བ་དང་ཉིན་གཅིག་ལ་གླ་ཆ་སྒོར་150ཡོད་པ་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་སྦྱོང་ཐུབ”ཅེས་བཤད།

    611599_yis_1554967707924.jpg

    2018ལོའི་ཟླ་10པར་ཟངས་རི་རྫོང་འབོད་ཐོས་ཤང་གནས་ལུང་གྲོང་ཚོས་སྨན་སྤོས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་རིགས་མི་འདྲ་བ་དང་ཚད་གཞི་མི་འདྲ་བའི་སྨན་སྤོས་རིགས་10ཐོན་སྐྱེད་བྱས་པར་ཐོན་རྫས་ཟངས་རི་རྫོང་གི་གྲོང་ཚོ་ཁག་ཏུ་བྲིན་ཁ་རྒྱུག་པ་དང་མང་ཚོགས་10ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་ཁྱད་ལྡན་ཐོན་ལས་ཀྱིས་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི་ལམ་བུའི་ཐོག་སྐྱོད་ཐུབ་ཡོད།

    འདི་ནི་འཛད་སྤྱོད་པས་མཉམ་ལས་ཁང་དེའི་སྤོས་ཚོང་ཁང་ནས་སྤོས་ཉོ་བཞིན་པ།

    ◆མཚོ་སྣ་རྫོང་སླད་ཤང་གི་ཇ་ལོ་ཁྲོམ་རའི་ཚོང་ཟོག་གཙོ་བོར་གྱུར་བ།

    སླད་ཤང་འདི་ཉིད་ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་ལེགས་པོ་རོང་དུ་ཆགས་པ་དང་ཆར་ཆུ་འབེལ་བ་དང་སྔོ་ཁེབས་ཀྱིས་ཁེངས་པས་སྣོད་བཅུད་ལེགས་ཆ་མངོན་གསལ་དོད་པ་དང་ས་མཐོའི་ཇ་ལོ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད།

    ཉེ་བའི་ལོ་ཤས་རིང་སླད་ཤང་གིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཡོད།

    སླད་ཤང་གི་ཇ་ལོ་བྲོ་བ་ཞིམ་པ་དང་ལྷད་མེད་རང་བྱུང་གི་སྤུས་ཚད་ལེགས་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། འོན་ཀྱང་ཇ་ལོ་ཐོན་སྐྱེད་ཐད་ཐོན་འབབ་དང་། ནད་འབུའི་གནོད་འཚེ་འགོག་བཅོས། ལས་སྣོན་ལག་རྩལ་བཅས་ཐད་ཀྱི་འཇུར་མིག་འཕྲད་ནས་དུས་སྐབས་ཤིག་རིང་ཇ་ལོ་འཚོང་རྒྱུ་མེད་པར་གྱུར། 2016ལོར་སླད་ཤང་གིས་ཨན་ཧུའེ་ཞིང་ཆེན་གྱི་རོགས་སྐྱོར་འོག་ཇ་ལྗང་དང་ཇ་ནག་འདེབས་འཛུགས་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་ལག་རྩལ་མཛུབ་ཁྲིད་བྱས་ནས་ལག་རྩལ་མི་སྣ་5གསོ་སྦྱོང་བྱས་པས། ཇ་ལོའི་ཐོན་འབབ་དང་སྤུས་ཚད་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་ཡོད།

    “མིག་སྔར་ང་ཚོའི་ཤང་དུ་ཇ་ཞིང་མུའུ་760ཡོད་པ་དང་དུད་ཚང་54དང་མི་132ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཀྱི་ཡོད། ཇ་ལོ་མཉམ་ལས་ཁང་གི་ཐོན་ལས་དེ་ཁོ་ན་ལས་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་ཟིན་ཡོད། ཇ་ལོ་ཆུང་ཆུང་དེ་ང་ཚོའི་ཕྱུག་འགྱུར་མཆོག་ནོར་དུ་གྱུར་ཡོད”ཅེས་སླད་ཤང་གི་ཤང་ཀྲང་ཕུར་བུས་བཤད།

    ◆ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས་སྨན་རྩྭར་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

    སྣོད་བཅུད་ཐོན་ལས་ཀྱི་གཞི་རྒྱ་ཆེ་བ་དང་། རིགས་མང་བ། རྣམ་གྲངས་མང་བ་བཅས་ས་ཆ་ཚང་མར་རང་ཉིད་ཀྱི་རྣམ་གྲངས་གཙོ་བོ་དང་ཐབས་མཆོག་རེ་ཡོད། ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་དང་ལས་སྣོན་གྱི་རྣམ་གྲངས་དེ་གདམ་ག་བྱས་ཡོད།

    ཆུ་གསུམ་གྲོང་རྡལ་གྱི་བོད་སྨན་སྨན་རྩྭའི་སྐོར་གླེང་ཚེ། “འཇོན་ཐང་ཅན”བློ་བཟང་སྦྱིན་པ་མ་གླེང་ཐབས་མེད་རེད།

    2013ལོར་བློ་བཟང་སྦྱིན་པས་ཡུམ་བུ་བརླ་མཁར་བོད་སྨན་བཟོ་གྲྭའི་ལས་ཀ་དགོངས་ཞུ་བྱས་ཏེ་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་ནས་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆུ་མཁར་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད། 2014ལོར་མཉམ་ལས་ཁང་གི་བོད་སྨན་སྨན་རྩྭ་འདེབས་འཛུགས་ཡག་པོ་བྱུང་ནས་ཐོན་རྫས་བྲིན་ཁ་རྒྱུག་པ་དང་ལོ་དེ་རང་ལ་ཁེ་བཟང་ཡག་པོ་བྱུང་ཡོད། འོན་ཀྱང་བློ་བཟང་སྦྱིན་པས་མིག་མདུན་གྱི་ཁེ་ཕན་ལ་བློ་ཡིད་ཚིམ་ནས་མ་བསྡད་པར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གྲོང་མི་དེ་བས་མང་བ་མཉམ་ལས་ཁང་ནང་ཞུགས་རྒྱུའི་སྐུལ་སློང་བྱས། ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་དགོས་བསམ་ནས་བོད་སྨན་སྨན་རྩྭ་འདེབས་འཛུཌ་ལས་སྣོན་ནས་བོད་སྨན་དང་། འཐུང་བྱ། བྱུག་རྫས་བཅས་ཐོན་སྐྱེད་ལ་རྒྱ་སྐྱེད་བཏང་ཡོད།

    ཆུ་གསུམ་རྫོང་གིས“ཤང་རེར་སྤུས་རྟགས་རེའི”ལྗང་མདོག་ཐོན་ལས་ཀྱི་དམངས་ཕྱུག་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཤར་རླུང་དང་སྦྲགས་ཏེ་བློ་བཟང་སྦྱིན་པའི་བོད་སྨན་སྨན་རྩྭ་མཉམ་ལས་ཁང་ལ་སྔ་རྗེས་སུ་སྒོར་ཁྲི་300ཙམ་གྱི་སྲིད་ཇུས་རོགས་སྐྱོར་མ་དངུལ་རག་ནས་སྨན་རྩྭ་འདེབས་འཛུགས་རྟེན་གཞི་དེ་ཆུ་མཁར་གྲོང་ཚོ་ནས་ཤག་ལྷོ་གྲོང་ཚོ་དང་གདོང་མཁར་གྲོང་ཚོར་རྒྱ་སྐྱེད་བྱས་པ་དང་། འདེབས་འཛུགས་རྒྱ་ཁྱོན་མུའུ་520ལྷག་ཙམ་ཟིན་པ། གུར་ཀུམ་དང་། རུ་རྟ། ཧི་མ་ལ་ཡའི་བ་སྤུ་སོགས་སྨན་རྩྭ་སྣ་ཁ་16ལྷག་ཙམ་ཡོད་པ་བཅས་ཆུ་གསུམ་གྲོང་རྡལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་སྐད་གྲགས་ཆེ་བའི་མིང་བྱང་ལ་གྱུར་ཡོད།

    ན་ནིང་བར་ཆུ་གསུམ་གྲོང་རྡལ་གྱི་དུད་ཚང་190དང་མི་665མཉམ་ལས་ཁང་ནང་ཞུགས་པ་དང་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་ཁྲི་275ཟིན་ནས་དུད་ཚང་རེར་ཆ་སྙོམས་ལོར་འབབ་འཕར་སྒོར་5000ལྷག་ཙམ་ཟིན་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    611600_yis_1554967708089.jpg

    ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱི་སྨན་རྩྭ་འདེབས་འཛུགས་ཀྱི་གཞི་ཁྱོན་ཉིན་རེ་བཞིན་རྒྱ་ཆེར་འགྲོ་བ་དང་སྦྲགས་མང་ཚོགས་དེ་བས་མང་བ་ཁྱིམ་གྱི་སྒོར་ཁར་འབབ་འཕར་ཕྱུག་འགྱུར་བྱུང་ཞིང་།

    འདི་ནི་ཆུ་གསུམ་གྲོང་རྡལ་ཆུ་མཁར་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་ལས་མིས་གུར་ཀུམ་འཐུ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།