[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལས་བྱེད་མང་ཚོགས་བརྩེ་བ་མཚོ་ལས་ཟབ། འཚོ་བ་གསར་པ་སྦྲང་རྩི་ལས་ཀྱང་མངར།

    —— ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་སྐོར་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-03

    550072_yis_1536812174756.jpg

    འདི་ནི་མཚོ་སྨད་རྫོང་གྲི་གུ་གྲོང་ལྷན་དུ་བཅའ་སྡོད་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲཌ་པུའི་ལས་དོན་རུ་ཁག་གི་རུ་མིས(གཡས)བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་གནས་ཚུལ་ཡིན་པ།

    འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ལེགས་ཆ་འདོན་སྤེལ་བྱས་ཏེ། བརྩེ་སེམས་དང་ལྷག་བསམ་ལ་བརྟེན་ནས་མང་ཚོགས་ལ་ལས་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་བྱས་ནས། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་ལས་བྱེད་པ་དང་མང་ཚོགས་དབར་ཉ་ཆུ་ལྟ་བུའི་བརྩེ་སེམས་ཀྱི་ལེའུ་གསར་པ་བརྩམས་ཡོད།

    མང་ཚོགས་ལ་དཀའ་གནད་སེལ་རོགས་བྱས་པ།

    འཕྱོངས་རྒྱས་རྫོང་ཚོགས་རྒྱལ་གྲོང་ཚོའི་བྲེ་ཀྲང་གཡང་འཛོམས་ལ་དེ་སྔོན་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད་མོད། འོན་ཀྱང་ལོ་བརྒྱད་ཀྱི་སྔོན་དུ་ཁོ་མོའི་བཟའ་ཟླ་བསོད་ནམས་དངོས་གྲུབ་ཕྱིར་གླ་པར་བསྐྱོད་སྐབས་གློ་བུར་དུ་ཀླད་ཁྲག་འདྲེས་ནས་ལས་ཡུལ་དུ་འགྱེལ་བ་རེད། ཁྱིམ་ཚང་གི་ཀ་བ་འགྱེལ་བས་ཁོ་མོས་ནར་མ་སོན་པའི་ཕྲུ་གུ་བཞི་པོ་མཐོང་སྐབས་འཚོ་བར་རེ་ཐག་རྦད་དེ་ཆད།

    གྲོང་ཚོ་དེ་གར་བཅའ་སྡོད་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་རོགས་སྐྱོར་བྱས་ཏེ་ཉམ་ཐག་གི་ཁྱིམ་ཚང་དེར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱས།

    གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་བྲེ་ཀྲང་གཡང་འཛོམས་ཀྱི་ནང་མི་བཞིར་མ་མཐའི་འཚོ་བའི་འགན་ལེན་རག་པ་དང་མི་གཉིས་སྣོད་བཅུད་ཁ་གསབ་ཀྱི་ལས་གནས་ཐོག་བཀོད་སྒྲིག་བྱས་ཏེ་ལོ་རེར་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་2.7ལེན་རྒྱུ་བྱུང་ཡོད། “བོད་ལྗོངས་ལས་རིགས་ལག་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བུ་མོ་འབྲིང་བར‘ཆག་ཡང་གསུམ་དང་ཁ་གསབ་གཅིག’གི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བས། ལོ་རེར་རོགས་དངུལ་སྒོར་ཁྲི་1.05ཡོད”ཅེས་ཏང་གི་དམངས་ཕན་སྲིད་ཇུས་སྐོར་གླེང་སྐབས་བྲེ་ཀྲང་གཡང་འཛོམས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།

    “ད་ལྟ་ཏང་གི་སྲིད་ཇུས་བཟང་པོ་དེ་འདྲ་ཡོད་ལ་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་ཡང་ཡོད་པས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་བསྡད་པར་ཡག་ཏུ་འགྲོ་རྒྱུ་རང་རེད”ཅེས་དབུལ་སྒྲོལ་ཐུབ་རྗེས་ཀྱི་བྲེ་ཀྲང་གཡང་འཛོམས་ཀྱིས་མ་འོངས་པའི་འཚོ་བར་རེ་བས་ཁེངས་ནས་ཡོད་ལ། ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་ཚེ་ནང་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད།

    མང་ཚོགས་ཀྱི་བསམ་བློའི་བྱང་ཚད་མཐོ་རུ་བཏང་བ།

    ཕྱུག་པོ་ཆགས་དགོས་ཚེ་སྔོན་ལ་བསམ་བློར་རིག་གནས་ཀྱི་དྲག་ཆས་སྤྲོས་དགོས། གྲོང་མི་ཚོའི་བསམ་བློའི་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད། གསོ་མཁས་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ལས་དོན་རུ་ཁག་གིས་མཚན་མོའི་སློབ་གྲྭ་གཉེར་རྒྱུའི་འཆར་གཞི་བཏིངས། “བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་གིས་གཞི་རིམ་དུ་མཚན་མོའི་སློབ་གྲྭ་མང་པོ་གཉེར་ཡོད་ཅེས་རྒན་རྒོན་རྣམས་ཀྱིས་གསུངས་ཀྱི་འདུག ད་ཆ་ལོ་ན་བགྲེས་པའི་རྒན་རྒོན་མང་པོས་མཚན་མོའི་སློབ་གྲྭའི་འཚོ་བ་ཧ་ཅང་དྲན་པོ་གནང་གི་འདུག”ཅེས་གྲོང་ཚོ་དེར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་བློ་བཟང་ཆོས་རྒྱལ་གྱིས་བཤད་ཅིང་། ཁོང་གིས“མཚན་མོའི་སློབ་གྲྭར་མང་ཚོགས་ལ་རིག་གནས་ཤེས་བྱ་གསབ་ཁྲིད་བྱེད་དགོས་པ་མ་ཟད། དེ་བས་ཀྱང་ཏང་གི་གསུང་སྒྲ་བརྒྱུད་སྤེལ་བྱས་ཏེ་མང་ཚོགས་རྣམས་ཕྱུག་པོ་ཆགས་པ་དང་དུས་མཚུངས་རིག་གནས་ཀྱི་ཆུ་ཚད་ཀྱང་འཕེལ་བ་བྱེད་དགོས”ཞེས་བཤད།

    བློ་བཟང་ཆོས་རྒྱལ་གྱིས་མཚན་མོའི་སློབ་གྲྭར་ཚོགས་ཆུང་བགོས་ནས་གསོ་སྦྱོང་བྱེད་ཀྱི་ཡོད་ཅིང་། གསོ་སྦྱོང་དུས་ཚོད་ནི་དགོང་མོའི་ཆུ་ཚོད་8པ་ནས་10པའི་བར་ཡིན་པ་དང་། དུད་ཚང་རེ་ནས་ཉུང་མཐར་ཡང་མི་གཅིག་གསོ་སྦྱོང་ནང་ཞུགས་དགོས་ཀྱི་ཡོད། གསོ་སྦྱོང་དགེ་རྒན་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་། གྲོང་དཔོན་སློབ་གྲྭ་ཆེ་མོ་བ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་འགན་འཁུར་གྱི་ཡོད། གསོ་སྦྱོང་གི་ནང་དོན་ནི་ཏང་གི་དམངས་ཕན་སྲིད་ཇུས་དང་ལྷག་དོན་དུ་སློབ་གསོ་དང་། འཕྲོད་བསྟེན། དམངས་སྲིད་སོགས་ཀྱི་སྲིད་ཇུས་རེད། མིག་སྔའི་བར་མི་ཐེངས་1500གསོ་སྦྱོང་ནང་ཞུགས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    མང་ཚོགས་ཚོར“ཧ་ཉིད་གོ་མཁན་ཞིག”བྱེད་དགོས་པའི་སློབ་གསོ་བཏང་བ།

    མཚོ་སྨད་རྫོང་སྤོས་དགའ་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་ལས་དོན་རུ་ཁག་གིས་མང་ཚོགས་ཚོར“ཧ་ཉིད་གོ་མཁན་ཞིག”བྱེད་དགོས་པའི་སློབ་གསོ་བཏང་བ་རེད།

    མང་ཚོགས་ལ་ཆབ་སྲིད་ཐད་ཀྱི“ཧ་ཉིད་གོ་མཁན་ཞིག”བྱེད་དགོས་པའི་སློབ་གསོ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་གོ་བདེ་ཤེས་སླའི་སྐད་ཆ་དང་མཐོང་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་རྒྱ་ཆེའི་མང་ཚོགས་གཞི་ནས་དབུལ་པོ་དངོས་ལས་སྒྲོལ་ཐུབ་པ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི་ངོས་འཛིན་གཏིང་ཟབ་ཡོང་བ་བྱས་པ་རེད།

    མང་ཚོགས་ལ་སྲིད་ཇུས་ཐད་ཀྱི“ཧ་ཉིད་གོ་མཁན་ཞིག”བྱེད་དགོས་པའི་སློབ་གསོ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་ལ་སྒྲོག་འགྲེལ་དང་། མཚན་མོའི་སློབ་གྲྭར་ཞུགས་པ། སྤེལ་རེས་ལ་ཤུགས་སྣོན། དུས་ངེས་གཏན་དང་ངེས་མེད་ནང་རོགས་སྐྱོར་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཚོར་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་ཤེས་སུ་བཅུག་པ་རེད།

    མང་ཚོགས་ལ་དཔལ་འབྱོར་ཐད་ཀྱི“ཧ་ཉིད་གོ་མཁན་ཞིག”བྱེད་དགོས་པའི་སློབ་གསོ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་དེས་ད་ཕན་ལོ་ཤས་རིང་གི་ཁྱིམ་ཚང་གི་ཡོང་འབབ་བསྡུར་བ་བྱས་པ་བརྒྱུད་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན་ཏང་གི་རོགས་རམ་འོག་དུད་ཚང་དབུལ་པོར་བྱུང་བའི་འགྱུར་ལྡོག་གསལ་པོ་བརྗོད་ནས་དུད་ཚང་དབུལ་པོའི་དབུལ་སྒྲོལ་གྱི་ཧུར་སེམས་འཕེལ་བར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།