[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྣམ་གྲངས་གསར་པར་ཡོང་འབབ་འབྲས་བཟང་བཏགས། མི་སེར་ཁྱིམ་དུ་དབུལ་སྒྲོལ་གཏམ་བཟང་སྙན།

    སྣེའུ་ཤང་སྟག་གདོང་གྲོང་ཚོས་ཡུལ་སྐོར་ལ་བརྟེན་ནས་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-07

    ཆར་ཟིམ་ཞིག་བབས་རྗེས་ལྗོན་ཤིང་གིས་བསྐོར་བའི་ལྷ་ས་གྲོང་ཁྱེར་སྣེའུ་ཤང་སྟག་གདོང་གྲོང་ཚོའི་སྡོང་པོ་དག་སྔར་བས་ལྗང་ཐིང་ཐིང་དུ་གྱུར་ཅིང་། ཤིང་འབྲས་བྱུར་བུར་བཏགས་པའི་སྡོང་པོ་སྣ་ཚོགས་ཀྱིས་མིག་དབང་འཕྲོག་པར་བྱེད།

    གྲོང་མི་ཚེ་སྒྲོན་བཟང་མོས་ཉིན་ལྟར་སྒྲུབ་པའི་ལས་ཀ་ནི་འབྲས་ཤིང་དེ་དག་ལྟ་སྐྱོང་བྱ་རྒྱུ་དེ་ཡིན། ཁོང་ལ་མཚོན་ན་འབྲས་ཤིང་ལ་ལྟ་སྐྱོང་བྱ་རྒྱུ་ནི་ཧ་ཅང་སྐྱིད་པའི་དོན་དག་ཅིག་ཡིན། ལྗང་ཐིང་ཐིང་གི་འབྲས་ཤིང་དང་། བསིལ་འཇམ་གྱི་རླུང་བུ། རེ་བས་ཁེངས་པའི་ཤིང་ཏོག་བཅས་ཇི་འདྲའི་ཞི་མཐུན་དང་སྐྱིད་སྣང་ལྡན་པ་ཞིག་རེད་ཨང་། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ལས་ཀ་དེ་ལ་བརྟེན་ནས་ཟླ་རེར་སྒོར་3000གི་ཡོང་འབབ་ཡོད་པས་དབུལ་ཕོངས་འཚོ་བ་དང་གྱེས་ནས་དབུལ་སྒྲོལ་བྱུང་ཡོད།

    ཚེ་སྒྲོན་བཟང་མོའི་ཁྱིམ་དུ་ནང་མི་ལྔ་ཡོད་པ་སྟེ། ལོ་ན་མཐོ་བའི་བགྲེས་སོང་ཞིག་དང་། ལོ་ཆུང་ཕྲུ་གུ་གཉིས། གཟུགས་པོ་དེ་ཙམ་ཐང་པོ་མེད་པའི་བཟའ་ཟླ་བཅས་རེད། སྔོན་ཆད་ནང་མི་ཚང་མས་ས་ཞིང་མུའུ་གཉིས་ཙམ་ལ་བརྟེན་ནས་སོ་ནམ་བྱས་ཏེ་ཡོང་འབབ་ཕྲན་བུ་བསགས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཧ་ཅང་དབུལ་པོ་ཡིན། ད་ཆར་གྲོང་ཚོའི་ནང་ཡུལ་བབ་དང་བསྟུན་ནས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བས་ཚེ་སྒྲོན་བཟང་མོའི་ནང་མི་གང་པོར་ཕན་ཐོགས་བྱུང་། གྲོང་ཚོ་ཨུ་ལྷན་གྱིས་ཁོང་དང་བཟའ་ཟླར་ལས་ཀ་འོས་འཚམ་བཀོད་སྒྲིག་བྱས་པས་ཁོ་གཉིས་ལ་ཟླ་རེར་ཡོང་འབབ་སྒོར་5000ལྷག་རག་པར་བརྟེན། ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་སོང་ཁར་རང་ངོས་གསོག་འཇོག་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་ཕྱིན་པ་རེད།

    སྣེའུ་ཤང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་1པོ་ནས་བཟུང་། སྟག་གདོང་གྲོང་ཚོས“སྟག་གདོང་གྲོང་ཚོའི་བཀོད་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ”རྣམ་གྲངས་ལག་བསྟར་བྱས་ཏེ་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་དང་དུས་མཚུངས་སྟག་གདོང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཆེར་གཏོང་། མང་ཚོགས་ཀྱི་ལས་ཞུགས་ལས་གནས་དང་དངུལ་སྨར་གྱི་ཡོང་འབབ་མང་གཏོང་བཅས་བྱས་ཏེ། སྟག་གདོང་གྲོང་ཚོར་ཁྱོན་ཡོངས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད།

    ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་དེ་ཉིད་སྣེའུ་ཁུལ་གསར་གྱི་2016ལོའི་གཙོ་གནད་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཡིན་པའི་ངོས་ནས་ཟླ་7ཚེས་1ཉིན་དངོས་སུ་ཨར་སྐྲུན་བྱེད་འགོ་ཚུགས་ཡོད། རྣམ་གྲངས་ཀྱི་དུས་འགོའི་འཛུགས་སྐྲུན་ཁྲོད་ལས་སྒྲུབ་ལས་གནས་ལ་བརྟེན་ནས་མི་20ལྷག་ཙམ་གྱི་ལས་ཀ་ཐག་གཅོད་བྱས་པ་དང་། འདྲུད་འཐེན་འཕྲུལ་འཁོར་60ལྷག་བཏང་བ། འཕྲུལ་འཁོར་རེ་ཐེངས་60ལྷག་བེད་སྤྱོད་བཏང་བ། ཟླ་3རིང་གི་འཛུགས་སྐྲུན་ལས་ཡུན་ནང་ཁྱོན་ལས་སྒྲུབ་ཡོང་འབབ་སྒོར་ཁྲི་42.2ཐོབ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་5275ཟིན་པ་བཅས་རེད།

    རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་བདེ་སྲུང་བ་དང་། གད་རྒྱག་མཁན། ཞབས་ཞུ་བ་སོགས་བསྡུས་ཏེ་མི་38ལས་ཞུགས་བྱུང་བའི་ནང་མང་ཚོགས་དབུལ་པོ་11ཡོད་པ་དང་ཟླ་རེར་གླ་ཆ་སྒོར་2600ཡན་ཟིན་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་ཚོ་ཨུ་ལྷན་གྱི་འབོད་སྐུལ་ཤུགས་ཆེན་དང་སྣེ་ཁྲིད་ཡང་དག་འོག་གྲོང་མི་སྒྲིག་འཛུགས་ཀྱིས་གུར་གླས་ནས་བཟའ་བཏུང་དང་ངལ་གསོ་སོགས་ཀྱི་ཞབས་ཞུ་གཉེར་བ་དང་། “ཞིང་ཁྱིམ་སྤྲོ་སྐྱིད་ཁང”གཉེར་སྟངས་དང་ཟུང་འབྲེལ་གྱིས་གྲོང་ཚོའི་ཞིང་ཞོར་ཐོན་རྫས་ལ་གཅིག་གྱུར་བསྡུ་རུབ་དང་མཉམ་སྡེབ་ཕྱིར་འཚོང་བྱས་པ་རེད། ལས་གཉེར་བྱེད་འགོ་ཚུགས་པའི་གཟའ་འཁོར་གསུམ་གྱི་ནང་ཡུལ་སྐོར་བ་ཁྱོན་མི་ཐེངས་1000ལྷག་ལ་སྣེ་ལེན་ཞུས་ཏེ་ཐད་ཀའི་དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་30ལྷག་བྱུང་ཡོད། ལོ་མཇུག་ཡོང་འབབ་བགོ་བ་ཁོ་ནས་ཀྱང་གྲོང་ཚོ་ཡོངས་ཀྱི་དུད་ཚང་51གི་མི་183དབུལ་སྒྲོལ་གྱི་ལས་འགན་ལེཌ་གྲུབ་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།