[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྔོ་ཚལ་ཐོན་ལས་ཡག་པོ་གཉེར་ནས་ཕྱུག་འགྱུར་ལམ་བུར་སྐྱོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཞེ་ཞའོ་ཁྲུན།    |    སྤེལ་དུས།   2018-08-08

    སྔོ་ཚལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཞིང་ཞོར་ཐོན་རྫས་གལ་ཆེན་ཞིག་ཡིན་པ་དང་སྔོ་ཚལ་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་ལྗོངས་ཀྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ཞིང་འབྲོག་པའི་འབབ་འཕར་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། སྔོ་ཚལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི“མྱུར་འགྲུབ”རྣམ་གྲངས་ཤིག་རེད།

    “སྔོ་ཚལ”ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་ཐད་སྨྱུག་འཛིན་པའི་བསམ་པར་གཤམ་གསལ་གྱི་དོན་གནད་ཁག་ལ་དོ་སྣང་བྱེད་དགོས་པ་སྟེ།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་བརྟན་དུ་བཏང་སྟེ་དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས་ཤིང་། རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན་པའི་དཔེ་སྟོན་གླིང་ཁག་གཅིག་ནུས་ཤུགས་ཡོད་རྒུས་སྒྱུར་བཀོད་དང་བསྐྱར་སྐྲུན་བྱས་ནས་ཆུ་དང་། གློག ལམ། ཆུ་ཡུར་སོགས་ཀྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚན་ཞིབ་ཁང་དང་ཆེད་ཚན་སློབ་གླིང་དང་སློབ་གྲྭ་ཟུང་དུ་སྦྲེལ་བའི་སློབ་གླིང་དང་ས་གནས་ཀྱི་ཞིབ་སྤེལ་ལམ་སྲོལ་འཛུགས་པ་དང་། སྔོ་ཚལ་གྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་དང་། ཚོད་ལྟ། དཔེ་སྟོན། ཁྱབ་གདལ་བཅས་བཏང་སྟེ་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང་། ལྗོངས་ཕྱི་ནང་གི་ཆེད་ཚན་སློབ་གླིང་དང་སློབ་གྲྭ་ཆེ་མོའི་སོན་བཟང་གསར་སྤེལ་ཁེ་ལས་དང་མཉམ་ལས་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས།

    གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཤིང་། སྣེ་ཁྲིད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་བའི་ཞིང་ལས་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཁོང་ཚོས་ཚན་རྩལ་གྲུབ་འབྲས་བེད་སྤྱོད་དང་། ལྗང་མདོག་འཕེལ་རྒྱས། ཁྲོམ་ར་གསར་འབྱེད། འཕྲུལ་ཆས་ཅན་གྱི་རྨོ་འདེབས་སོགས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

    སྔོ་ཚལ་གྱི་སྤུས་རྟགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ནས་ཐོན་ལས་གཉེར་ཚོང་གི་སྦྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་དགོས་ཤིང་། ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་གང་ལེགས་སྤྱད་དེ་སྔོ་ཚལ་གྱི་སྤུས་རྟགས་འཛུགས་སྐྱོང་སྔར་བས་མགྱོགས་སུ་གཏོང་དགོས། སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་ཚན་རྩལ་དཔེ་སྟོན་གླིང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་སྐར་ཁུང་དང་། ཚན་རྩལ་ཁྱབ་གདལ་བེད་སྤྱོད་ཀྱི་ལས་སྟེགས། སྣོད་བཅུད་ཡུལ་སྐོར་སྤྲོ་གསེང་རྟེན་གཞི་བཅས་ཧུར་ཐག་གཏོད་དགོས།

    སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་སྔོ་ཚལ་ཐོན་ལས་མ་ལག་འཛུགས་པ་དང་། སྔོ་ཚལ་ཁྱབ་ཚུལ་ས་ཁོངས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན། སྤུས་ལེགས་ཅན། སྣ་མང་ཅན། ཐོན་ལས་ཅན་བཅས་ཀྱི་སྒོ་ནས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ས་མཐོའི་ཞིང་ལས་ཐོན་ཁུངས་དང་ཆ་རྐྱེན་ལ་གཞི་བཙུགས་ཏེ་སྣོད་བཅུད་བཟང་པོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བ་དང་སྔོ་ཚལ་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་འགན་ལེན་བྱས་ཏེ་ཞིང་འབྲོག་པ་རྒྱུན་མཐུད་དང་མགྱོགས་མྱུར་ངང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།