[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་དུ་མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱེད་པ།

    —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དབུལ་ཞྭ་ཕུད་པའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-12

    བྱམས་པ་འབྲུག་གྲགས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་པ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་འོད་པ་གྲོང་ཚོར་སྡོད་ཀྱི་ཡོད། ཁྱིམ་ལ་མི་5ཡོད་ཀྱང་ངལ་རྩོལ་ནུས་ཤུགས་ཁོང་རང་ལས་མེད་པ་རེད། 

    འབྱོར་འབྲིང་བསྐྲུན་ཐུབ་མིན་གྱི་གག་རྩ་ཡུལ་མི་སྤུན་ཟླར་ལྟ་དགོས་ལ་ཡུལ་མི་དབུལ་པོ་ཚོ་དབུལ་སྒྲོལ་ཐུབ་མིན་ལ་དེ་བས་ཀྱང་ལྟ་དགོས། 2015ལོའི་ཟླ་11པའི་ཟླ་མཇུག་ཏུ་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གདོང་མཆོང་དུང་བརྡ་བཏང་ཡོད། 

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་བྱ་སྤྱོད་མྱུར་པོ་སྤེལ་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་དེ་ཉིད་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ལས་དོན་གཙོ་བོར་བརྩིས་ནས་ཁྲེང་ཀོན་ཆུས་ཨུད་ཀྱི་ཡིག་ཆ་ཨང་དང་པོའི་མིང་ཐོག་ནས《གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་ཁྲེང་ཀོན་ཆུས་ཀྱི་ལག་བསྟར་བསམ་འཆར》བཀྲམ་པ་དང་། གནད་སྨིན་དབུལ་སྐྱོར་ལས་ཀའི་འགོ་ཁྲིད་ཚོགས་ཆུང་དང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་པ། རིམ་པ་བཞིན“དམག་བཀའ་དང་ལེན་ཞུ་ཡིག”ལ་མིང་རྟགས་བཀོད་པ། ཤང་ཁག་གི་ཏང་ཨུད་ཧྲུའུ་ཅི་འགན་འཁྲི་འཁུར་མཁན་ཨང་དང་པོ་ཡིན་པར་གཏན་འཁེལ་བྱས་པ། ཆུས་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱིས་རོགས་རམ་འགན་གཙང་ལ་སྐུལ་འདེད། ཆུས་ཐད་གཏོགས་སྡེ་ཚན་གྱིས་གནད་གཏན་འཁེལ་ངང་རོགས་སྐྱོར། གྲོང་གསེབ་རྩ་འཛུགས་ཀྱིས་དོན་འཁྱོལ་ནན་ཏན། གྲོང་སྡོད་ལས་དོན་རུ་ཁག་གིས་འགན་འཁྲི་གཙང་སྒྲུབ། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བཅས“ཕྱོགས་དྲུག་གཞི་གཅིག”གི་འགན་འཁྲི་དོན་འཁྱོལ་མ་ལག་ཅིག་ཆགས་པར་བྱས་ཏེ་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་འགྱུར་མེད་སྟོབས་ལྡན་ཞིག་བྱུང་ཡོད། 

    ཁྲེང་ཀོན་ཆུས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་394ཡི་གྲས་ཤིག་ཡིན་པའི་བྱམས་པ་འབྲུག་གྲགས་ཁྱིམ་ནི་དབུལ་སྐྱོར་གྱི་གོ་སྐབས་བཟང་པོ་དེར་བརྟེན་ནས་དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་འབུད་ཐུབ་པ་བྱུང་ཡོད།  བྱམས་པ་འབྲུག་གྲགས་ཀྱིས《དབུལ་སྒྲོལ་གྱི་རང་མོས་འདུན་ཞུའི་ཡི་གེའི》རེའུ་མིག་བརྒྱངས་ནས་སྒམ་ནན་ངང་མཛུབ་ཐེལ་བརྒྱབ་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་མིག་ཟུང་མཆི་མས་བརླན། 

    “ད་ལྟའི་ན་གཞོན་ཚོ་སྤྱིར་ན་ཕྱིར་ལག་རྩལ་སྦྱོང་བ་དང་གླ་པར་བསྐྱོད་ཀྱི་ཡོད་པས་གྲོང་ཚོའི་ནང་བུད་མེད་དང་བྱིས་པ་ལས་ལྷག་མེད། ཁོང་ཚོར་ཡོང་འབབ་ཧ་ཅང་ཉུང་ཉུང་རེད། ང་ཚོས་བོད་ཀྱི་སེའུ་དམར་ཞིང་ལས་ཐོན་ལས་ཅན་ཚད་ཡོད་ཀུང་སི་ནང་འདྲེན་ཧུར་ཐག་བྱས་ནས་ས་ཞིང་གཞི་ཁྱོན་ཆེན་པོས་བརྒྱུད་བཤུག་བྱས་ཏེ་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཡོང་བའི་དགོས་མཁོ་ཆེ་བ་དང་དངུལ་སྨར་ཡོང་འབབ་དཀོན་པའི་གནད་དོན་ཐག་གཅོད་བྱས་ནས་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐབས་ལམ་གསར་པ་ཞིག་བཏོད་ཡོད། རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་རྗེས་ཀུང་སིས་ཡུལ་དེ་རང་གི་དུད་ཚང་དབུལ་པོ་ལས་ཞུགས་ཐུབ་རྒྱུར་བསམ་བློ་བཏང་ནས་ཚང་མ་ལས་ཞུགས་ཐུབ་པའི་ཞོར་ལ་ཁྱིམ་ཚང་ལ་ལྟ་རྟོག་ཐུབ་པ་བྱས་པས་ཞིང་ནང་དུ་ལས་ཀ་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་ཡི་འདུག”ཅེས་དོག་སྡེ་ཤང་འོད་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་སྐལ་བཟང་གིས་བཤད། 

    “དེ་སྔ་ཁྱིམ་གྱི་ས་ཞིང་མུའུ་10ལྷག་ཡོད་པ་ཚང་མར་ནས་འདེབས་ཀྱི་ཡོད་པས་ཡོང་འབབ་ཉུང་ཉུང་ལས་རག་གི་མེད། ད་ཆ་ཁྱིམ་གྱི་ས་ཞིང་མུའུ་རེ་ནས་ལོ་ལྟར་བོགས་དངུལ་སྒོར་2000ལེན་རྒྱུ་ཡོད་པ་མ་ཟད། ཉིན་ལྟར་ཞིང་ནང་དུ་ལས་ཀར་བསྐྱོད་ནས་གླ་ཕོགས་ཀྱང་ལེན་རྒྱུ་ཡོད་པས་ཡོང་འབབ་སྔོན་མ་ལས་ཀྱང་མང་དུ་སོང་ཡོད”ཅེས་བྱམས་པ་འབྲུག་གྲགས་ཀྱིས་བཤད། 

    བྱམས་པ་འབྲུག་གྲགས་ཁྱིམ་དབུལ་སྒྲོལ་ཐུབ་པའི་གཏམ་རྒྱུད་དེ་ཁྲེང་ཀོན་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་བསྡུས་རིས་ཤིག་རེད། 

    ལྗོངས་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་གྲོང་ཁུལ་ཡིན་པའི་ཁྲེང་ཀོན་ཆུས་ཁོངས་གཏོགས་སུ་ཤང་དང་དོན་གཅོད་ཁང་12དང་གྲོང་ཚོ་ཨུ་ལྷན(གྲོང་ལྷན)50ཡོད་ཅིང་། རྒྱུན་སྡོད་མི་འབོར་ཁྲི་65ཟིན་པའི་ནང་ཞིང་པ་ཁྲི་1.61ཡོད། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་394ཡི་མི་1212ཀྱིས་གྲོང་གསེབ་ཐེམ་དུད་བསྡོམས་འབོར་གྱི་8%བཟུང་བ་དང་གྲོང་གསེབ་མི་གྲངས་བསྡོམས་འབོར་གྱི་8.8%བཟུང་ཡོད། 

    ཇི་ལྟར་བྱས་ནས་མང་ཚོགས་དབུལ་པོ་དངོས་སུ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་མནོ་བསམ་གཏོང་དགོས་པའི་གནད་དོན་ཞིག་རེད། 

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་གཙོ་བོ་གནད་སྨིན་ཡོང་རྒྱུར་ཐུག་ཡོད། དབུལ་སྐྱོར་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་རིང་། ཁྲེང་ཀོན་ཆུས་ཀྱིས“གནད་སྨིན”མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཆེད་མངགས་ལས་དོན་ཚོགས་ཆུང་10བཙུགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་394ཡི་མི་1212ལ་རིམ་པ་བཞིན་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། སྔ་རྗེས་སུ་མཐིལ་རྟོགས་བརྟག་ཞིབ་ཐེངས་ལྔ་བྱས་པ་དང་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུ་ཐེངས་13འཚོགས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ད་ལྟའི་གནས་ཚུལ་ལ་རིམ་པ་བཞིན་དབྱེ་ཞིབ་དང་། བྱ་ཐབས་ལ་ཞིབ་འཇུག རོགས་སྐྱོར་འགན་འཁྲི་གཏན་འཁེལ་བཅས་བྱས་པ། ཁྲེང་ཀོན་ཆུས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་གྲངས་གཞི་ཆེ་མོའི་དོ་དམ་མ་ལག་བཙུགས་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་བྱུང་བའི་གྲངས་གཞི་དུས་བཀག་ནང་གསར་བརྗེས་བྱས་པས་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་དང་རོགས་སྐྱོར་ཚན་པ། གྲོང་གསེབ་ཀྱི་གོང་འོག་དབར་དང་དེ་བཞིན་དབུལ་སྐྱོར་ཁོངས་གཏོགས་ནང་ཁུལ་བཅས་ཕན་ཚུན་འབྲེལ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱུང་ཡོད། 

    ལས་ཀའི་འགོ་ཡག་པོ་ཞིག་འཛུགས་རྒྱུ་ནི་ལེགས་འགྲུབ་ཡོང་བའི་མཐུན་རྐྱེན་ཡིན། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་འཕེལ་རིམ་མངོན་གསལ་དོད་པོ་ཡོང་དགོས་ན་འགག་རྩ་ནི་བྱ་ཐབས་ལ་དམ་འཛིན་ཏན་ཏིག་བྱ་རྒྱུར་ཐུག་ཡོད། དེར་བརྟེན་ཁྲེང་ཀོན་ཆུས་ཀྱིས་གོ་ཆོད་པའི་རོགས་སྐྱོར་བྱ་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཟོས་ཡོད། 

    ཁྲེང་ཀོན་ཆུས་ཀྱི་ཚན་ཁག་ཆེན་པོ་བཞིའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཆ་སྙོམས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་12ལ་འབྲེལ་གཏུག་དང་རོགས་སྐྱོར་གྱི་འགན་གཙང་བླངས་པ་དང་། ཁོའོ་རིམ་པའི་ལས་བྱེད་པ་མི་རེས་དུད་ཚང་1ལ་འབྲེལ་གཏུག་དང་རོགས་སྐྱོར་གྱི་འགན་གཙང་བླངས་ཏེ་དུད་ཚང་394ཡི་མི་འབོར་དབུལ་པོ་1212ཚང་མར་འགོ་ཁྲིད་ཀྱིས་རོགས་སྐྱོར་འགན་གཙང་ལེན་མཁན་ཡོད་པ་དང་ཚང་མར་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། 

    ཐོན་ལས་དབུལ་སྐྱོར་ཐད་2013ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར་11.53བཏང་ནས་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་དང་། སྔོ་ཚལ་ཐད་འཚོང་རླངས་འཁོར། གནོད་མེད་སྔོ་ཚལ་ལས་སྣོན་བཟོ་གྲྭ ཀྲིའི་ཁམ་བུ་སོགས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་བ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་འདུན་ཞུ་ཧུར་ཐག་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་པའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་10.64ཟིན་པ་དང་ལྷག་པར་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རྔ་ཆེན་གར་པ་སྣོད་བཅུད་འབྲོག་ར་དང་། དཀར་ཆུ་ཐོན་རྫས་ལས་སྣོན་བཟོ་གྲྭ ཨར་འདམ་སྐྱེལ་འདྲེན་སོགས་མཚོན་བྱེད་དུ་བྱས་པའི་ས་གཙང་བདེ་ཐང་དང་། ཡུལ་སྐོར་རིག་གནས། ཚོང་དོན་ཞབས་ཞུ་སོགས་ཐོན་ལས་རིགས་དང་འབྲེལ་བ་ཡོད་པའི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཐད་ལས་ཞུགས་འཕར་བ་དང་ཐོན་ལས་ཀྱི་ཁེ་སྤོགས་བགོས་ནས་དུད་ཚང་དབུལ་པོར་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱས་ཡོད། 

    ས་ཆ་མུའུ་113བདམས་ནས་གནས་སྤོས་བཀོད་སྒྲིག་ལ་སྤྱད་པ་དང་ལྷ་ས་གྲོང་ཁྱེར་མ་འཇོག་ཀུང་སིས་ཨེན་ཧུད་ཡོན་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ཁུལ་ཆུང་ཚབ་སྐྲུན་ལེགས་གྲུབ་ཟིན་པ་དང་དུས་ཐེངས་དང་པོའི་རྣམ་གྲངས་ལ་ཐེམ་དུད་རིགས་བཞི་ཡི་སྡོད་ཁང་ཆ་ཚང་374བསྐྲུན་པར་དུད་ཚང་331གི་མི་གྲངས་1251གནས་སྤོ་བྱས་པའི་ནང་ཁྲེང་ཀོན་ཆུས་ཀྱི་གནས་སྤོའི་དུད་ཚང་100ཡི་མི་གྲངས་343དང་། ལྷུན་གྲུབ་རྫོང་གི་གནས་སྤོའི་དུད་ཚང་214ཡི་མི་གྲངས་856 གནམ་ཐང་ཁུལ་གསར་གྱི་གནས་སྤོའི་དུད་ཚང་17གྱི་མི་གྲངས་52ཡོད་པ་དེ་དག་2016ལོའི་ཟླ་10པར་སྡོད་ཁང་དུ་སྤོས་ཡོད། ཐོན་ལས་གླིང་བརྒྱུད་དེ་ཐག་ཉེ་སར་ལས་ཞུགས་གཞན་སྒྱུར་ཐུབ་པའི་མི་གྲངས་338ཟིན་པ་དང་སློབ་ལོ་ལོན་པའི་བྱིས་པ་168ཐག་ཉེ་སར་སློབ་ཞུགས་ཐུབ་པ་དང་སྡེ་ཁུལ་གྱི་ལེ་ལག་ཚང་བའི་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་ཕྱིན་པ་དང་འབྲེལ་ནུས་པ་འདོན་སྤེལ་ཐུབ་ཡོད། དུས་ཐེངས་གཉིས་པའི་རྣམ་གྲངས་ན་ནིང་ཟླ་10པར་བསྐྲུན་འགོ་ཚུགས་པ་དང་མིག་སྔར་སྐུལ་སྤེལ་བདེ་བླག་བྱུང་ཡོད་པ་རེད། 

    སློབ་གསོའི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་ཆེད་2016ལོར་ཁྲེང་ཀོན་ཆུས་ཀྱི་སློབ་གསོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.12བཏང་བའི་ནང་སྒོར་ཁྲི་950.78བཏོན་ནས་གྲོང་གསེབ་ཀྱི་དུད་ཚང་དབུལ་པོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སློབ་ཆེན་སློབ་མར་སློབ་ཡོན་རོགས་རམ་བྱས་ཏེ་སློབ་ཡོན་ཇི་སོང་གཞུང་གཏོང་བྱེད་ཐུབ་པ་བྱས་ཏེ་སློབ་གྲྭར་བསྐྱོད་རྐྱེན་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་གནད་དོན་བཀག་འགོག་མཐའ་གཅིག་ཏུ་བྱས་པ་རེད། 

    ཕན་པ་དངོས་ཐོན་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལས་ཁྲེང་ཀོན་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད། བསྡོམས་རྩིས་ལ་གཞིགས་ན། 2016ལོར་ཁྲེང་ཀོན་ཆུས་ཀྱིས་ལས་རིགས་ལ་བརྟེན་ནས་དུད་ཚང་256གི་མི་གྲངས་521དབུལ་སྒྲོལ་ཐུབ་པ་དང་། གནས་སྤོར་བརྟེན་ནས་དུད་ཚང་100ཡི་མི་གྲངས་343དབུལ་སྒྲོལ་ཐུབ་པ། སློབ་གསོར་བརྟེན་ནས་དུད་ཚང་225ཡི་མི་གྲངས་332དབུལ་སྒྲོལ་ཐུབ་པ། ཁ་གསབ་ལ་བརྟེན་ནས་མི་གྲངས་609དབུལ་སྒྲོལ་ཐུབ་པ། འགན་བཅོལ་ལ་བརྟེན་ནས་དུད་ཚང་88ཀྱི་མི་གྲངས་137དབུལ་སྒྲོལ་ཐུབ་པ། རོགས་རམ་ལ་བརྟེན་ནས་དུད་ཚང་24ཡི་མི་གྲངས་24དབུལ་སྒྲོལ་ཐུབ་པ་བཅས་བྱུང་ཡོད། དུད་ཚང་དབུལ་པོའི་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་སྒོར་2153.23ནས་ད་ཆའི་སྒོར་9559བར་འཕར་ནས་ལྡབ་3.44མང་དུ་ཕྱིན་ཡོད། དབུལ་པོར་འགྱུར་ཚད་བསྟུད་མར་ལོ་གསུམ་ཆག་པ་དང་ད་ཆ་1%བར་ཆག་ཡོད། མང་ཚོགས་དབུལ་པོས་དབུལ་སྒྲོལ་སྲིད་ཇུས་ལ་བློ་ཡིད་ཚིམ་ཚད་དེ་97.81%ཡན་ཟིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།