[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྡོད་ཁང་འགན་ལེན་གྱི་གྲུབ་འབྲས་རྩིས་ཐོ།

    བདེ་སྡོད་ལས་གྲྭ་ལས་ལྗོངས་ཡོངས་ཀྱི་མང་ཚོགས་ལ་ཕན་པ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    ཉིན་ཤས་གོང་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གྲུབ་འབྲས་རྩིས་ཐོའི་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་སྡོད་ཁང་ཐད“འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན”བྱེད་ཐུབ་པ་བྱུང་བ་དང་། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་སོགས་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་གི་དཀའ་གནད་ཐག་གཅོད་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་བྱེད་པར་ཡོང་མཁན་གཏན་འཇགས་ལས་མི་སྤྱི་པའི་བོགས་གཏོང་སྡོད་ཁང་སྤྲོད་རྒྱུའི་ཁྱབ་ཁོངས་ནང་རིམ་གྱིས་བཞག་པ། གྲོང་ཁུལ་རྙིང་པའི་སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་དང་ཞོར་གཏོགས་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་ཁོར་ཡུག་ལེགས་སུ་ཕྱིན་པ། རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ལྷག་པར་དུ་གཞི་རིམ་ལས་བྱེད་པ་དང་ལས་བཟོའི་ལས་ཤག་གི་ཆ་རྐྱེན་ལོ་རེ་བཞིན་སྒྱུར་བཀོད་བྱས་ནས་སོ་ཕག་གི་ཁང་པ་དང་ལྕགས་ཤོག་གི་ཁང་པ་ནས་སྤོ་ཐུབ་པ་བྱུང་ཡོད་ཅེས་འཁོད་ཡོད།

    ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སྡོད་ཁང་འགན་ལེན་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཅན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་ཁང་གླ་ཁེ་བའི་སྡོད་ཁང་དང་། ལས་ཤག སྤྱི་པའི་བོགས་གཏོང་ཁང་པ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་མ་ལག་རྩ་བའི་ཆ་ནས་བཙུགས་པ་དང་སྲིད་ཇུས་ཀྱང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཆ་ཚང་ཁྲི་21.54བསྐྲུན་པའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1253.4ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་167.77བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཡོད། 2013ལོ་ནས་2016ལོའི་བར་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་21.83བསྐྲུན་ཡོད་ཅེས་བརྗོད་བྱུང་།

    ཁྱིམ་ཚང་ཀུན་གྱི་ངོས་ནས་བརྗོད་ན་སྡོད་ཁང་ནི་དོན་ཆེན་ཞིག་རེད། བོད་དུ་ལས་ཀ་བྱས་ནས་ལོ་བདུན་སོང་བའི་སྐུ་ཞབས་ཁྲེན་ལགས་ལོ་གསུམ་གོང་དུ་བོགས་གཏོང་ཁང་པ་ནས་བྲལ་ཏེ་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་ཤག་ཏུ་སྤོས་པ་མ་ཟད། སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ནས་ཕ་ཡུལ་ཁྲེང་ཏུའུ་ནས་ཚོང་ཁང་ཞིག་ཉོས་པ་རེད། སྐུ་ཞབས་ཁྲེན་ལགས་ཀྱིས་རང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྐྱེད་ཀ་དམའ་པོ་ཡོད་པས་ལས་བྱེད་ལས་བཟོའི་ངོས་ནས་བརྗོད་ན་གཟིགས་སྐྱོང་སྲིད་ཇུས་ཤིག་རེད་ཅེས་བརྗོད་བྱུང་།

    རང་ལྗོངས་སུ་སྤྱི་གསོག་མ་དངུལ་གྱི་ཕན་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་ཞིང་། མིག་སྔའི་བར་ལྗོངས་ཡོངས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་གསོག་ཚད་བསྡོམས་འབོར་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་སྒོར་དུང་ཕྱུར་97ནས་སྒོར་དུང་ཕྱུར་355.7བར་འཕར་བ་དང་། དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་18.2ནས་སྒོར་དུང་ཕྱུར་190བར་འཕར་བ། དངུལ་ལེན་ཚད་སྒོར་དུང་ཕྱུར་39ནས་སྒོར་དུང་ཕྱུར་161.2བར་འཕར་བ། སྒེར་གྱི་སྡོད་ཁང་དངུལ་བུན་གཏོང་ཚད་17%ནས་57.9%བར་འཕར་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སྤྱི་གསོག་མ་དངུལ་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཉི་མ་རྒྱལ་མཚན་གྱིས“སྡོད་ཁང་སྤྱི་གསོག་ལམ་ལུགས་ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་ཕལ་ཆེ་བ། དེ་བཞིན་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་ཁག་གཅིག་བཅས་སུ་ཚོད་ལྟ་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་བཙུགས་ཡོད། སྡོད་ཁང་སྤྱི་གསོག་མ་དངུལ་བསྡུ་བཅོལ་བྱེད་མཁན་མི་གྲངས་ཁྲི་26ཟིན་པ་དང་ཁྱིམ་ཚང་ཁྲི་6.3གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ནས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པའམ་ཡང་ན་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་ཡོད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱིས་ཁྲོམ་ར་བཟུང་ཚད་63.1%ཟིན་ནས་རང་ལྗོངས་ཀྱི་སྡོད་ཁང་འཛད་སྤྱོད་དང་མཛོད་འཇུག་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བརྗོད་བྱུང་།

    གཞན་ཡང་འདི་ལོའི་ཟླ་7ཚེས་1ཉིན་སྡོད་ཁང་སྤྱི་གསོག་མ་དངུལ་ས་ཆ་གཞན་དུ་བསྒྱུར་ཆོག་པའི་ལམ་ལུགས་ལག་བསྟར་བྱས་པར་བརྟེན་རྒྱལ་ཡོངས་ཁྱབ་ཁོངས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་གི་ཡོད། མིག་སྔར་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ས་ཆ་གཞན་དུ་སྤྱི་གསོག་མ་དངུལ་སྒྱུར་བའི་ལས་སྒོ་བཅུ་གསུམ་གཉེར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།