[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འབད་འཐབ་ཁྲོད་དུ་མི་ཚེའི་རིན་ཐང་མངོན།

    ​ —— རྐུབ་སྟེགས་འཁོར་ལོའི་ཐོག་གི“མངོན་འགྱུར་པ”མཆོག་ལས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    2009ལོའི་ཟླ་1པོར། ཁྲུང་ཆིང་དུ་སློབ་ཆེན་གྱི་སློབ་དུས་དང་པོའི་སློབ་མཚམས་འགྲིལ་བའི་མཆོག་ལས་དགའ་ཚོར་ཆེན་པོས་མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་རང་ཁྱིམ་དུ་ལོག གཞན་ལ་ཁང་པ་རྒྱག་རོགས་བྱེད་སྐབས་འདྲུད་འཐེན་འཕྲུལ་འཁོར་གྱིས་བརྫིས་པའི་འཁྱག་པ་ཆེན་པོ་ཞིག་སྐེད་པར་ཕོག་ནས་ཁོང་གི་སྨད་ཁོག་ཚོར་བ་མེད་པར་གྱུར།

    ལོ་ཕྱེད་ཙམ་སྨན་ཁང་དུ་བསྡད་ནས་གཤགས་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བས་རྐུབ་སྟེགས་འཁོར་ལོའི་ཐོག་སྡོད་རྒྱུ་ལས་མ་འདས།

    ས་མཐོ་ནས་ཐོན་ཏེ་སློབ་གྲྭ་ཆེ་མོ་འགྲིམ་མ་ཐག་པའི་སློབ་ཆེན་སློབ་མ་ཞིག་སློབ་མཚམས་བཞག་སྟེ་ཁྱིམ་ལ་སྡོད་དགོས་འཁེལ་ནས་གཞན་གྱི་རོགས་རམ་ཁོ་ནར་བརྟེན་དགོས་པའི་དབང་པོ་སྐྱོན་ཅན་ཞིག་ལ་གྱུར་པ་དང་། ལན་ཆིའུ་སྤོ་ལོ་རྒྱག་རྒྱུར་དགའ་བའི་ལོ་ཆུང་བློ་བག་ཡངས་པོ་ཞིག་ཉིན་ལྟར་སྒུལ་སྐྱོད་བྱེད་མི་ཐུབ་པར་རྐུབ་སྟེགས་འཁོར་ལོའི་ཐོག་ལུས་པའི་དབང་པོ་སྐྱོན་ཅན་ཞིག་ལ་གྱུར། དེ་ལྟར་སེམས་སྡུག་གིས་མནར་ནས་ལོ་ཕྱེད་ཙམ་འདས།

    ཁྱིམ་ནི་ཆེས་དྲོ་སྐྱིད་ལྡན་པའི་གནས་ཤིག་ཡིན་པས། ཁྱེད་ལ་རྐྱེན་ངན་བར་ཆད་ཅི་འདྲ་ཞིག་འཕྲད་རུང་ནང་མིས་གང་དྲག་ཅི་ཡོང་བྱས་ཏེ་དུས་ནམ་ཡང་ཁྱེད་ཀྱི་འགྱུར་མེད་ཀྱི་རྒྱབ་རྟེན་བྱེད་སྲིད།

    དེ་རྗེས་ལོ་གཉིས་གསུམ་ནང་ནང་མིས་ལྟ་རྟོག་གང་ལེགས་བྱས་པ་མ་ཟད། མཆོག་ལས་གང་སར་འཁྲིད་ནས་སྨན་པ་བསྟེན་ཡང་ཁོང་གི་གཟུགས་པོ་དྲག་སྐྱེད་གང་ཡང་བྱུང་མེད། མཆོག་ལས་ལ་འཚོ་བའི་བློ་སྟོབས་སྐྱེད་པར་བྱས་ནས་བྲེལ་བརྩོན་ཆེ་བའི་ལས་ཀའི་ཁྲོད་སེམས་ཀྱི་སྡུག་བསྔལ་བརྗེད་པར་བྱ་ཆེད། ནང་མིས་ཁོང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འདུ་ཚོགས་ལ་ཞུགས་སུ་བཅུག

    དེ་རྗེས་མཆོག་ལས་ཀྱིས་ཀུང་སི་མང་པོ་ཞིག་ལ་ངོ་རྒྱུགས་བཏང་རུང་ལས་བསྡུའི་བརྡ་ཐོ་གཅིག་ཀྱང་མ་འབྱོར།

    ནང་མིས་ལོ་འཁོར་མོར་རང་ཉིད་ལ་སེམས་ཁྲལ་བྱས་ཀྱང་རང་གིས་རོགས་པ་གང་ཡང་བྱེད་མ་ཐུབ་པ་མཐོང་སྐབས་མཆོག་ལས་ལ་གནོང་འགྱོད་ཆེན་པོ་བྱུང་བ་དང་སྦྲགས། སེམས་སུ་རང་སྟོབས་རང་འཕེལ་བྱེད་པའི་ཆོད་སེམས་ཤིག་སྐྱེད་དེ་མ་འོངས་ཀྱི་ལམ་བུར་བསམ་གཞིག་བྱེད་འགོ་ཚུགས།

    2012ལོའི་བོད་ཀྱི་ལོ་གསར་གྱི་སྔ་སྣུར་དུ་མཆོག་ལས་ཀྱིས་ནང་མི་དང་མཉམ་དུ་ལྷ་སར་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་སྐབས་སྟེས་དབང་གིས་ལམ་འགྲམ་དུ་འབུར་བརྐོས་སྒྱུ་རྩལ་ཐོན་རྫས་འཚོང་བཞིན་པ་མཐོང་འཕྲལ་ཡིད་སེམས་འགུགས།

    ཁོང་གིས་སྐད་ཆ་དྲིས་པ་བརྒྱུད། དེ་ནི་ནང་སའི་བཟོ་གྲྭ་ཞིག་ནས་ཐོན་སྐྱེད་ལས་སྣོན་བྱས་པ་ཞིག་ཡིན་པ་དང་ལྷ་སར་རང་བརྟེན་ཇུས་བཀོད་དང་ལག་ཤེས་ལས་བཟོས་པ་ཧ་ཅང་ཉུང་ཉུང་ཡིན་པ་ཤེས་འཕྲལ། ཚོང་གཉེར་གྱི་གོ་སྐབས་རྙེད།

    དེ་རྗེས་ཁོང་གིས་ནང་མིར་ལག་ཤེས་ཤིང་བརྐོས་བཟོ་གྲྭ་འཚོལ་དུ་བཅུག་ནས་ལག་རྩལ་སྦྱོང་བར་ཕྱིན་པ་དང་དྲ་ཐོག་ནས་དཔྱད་གཞི་མང་པོ་བཙལ་བ་མ་ཟད། བསླབ་གཞི་ཡང་ཉོས། ཟླ་2པར་ཁོང་གིས་གློག་ཀླད་སྤྱད་དེ་ཤིང་བརྐོས་ཀྱི་དཔེ་རིས་ཤིག་བཏོན་པ་དང་དེར་མ་གཞི་བོད་ཡིག་གི་ཡིག་འབྲུ་འགའ་ཞིག་དང་སྙིང་རྗེ་པོ་དེ་ཙམ་མེད་རུང་ཁོང་དགའ་ཚོར་ཆེན་པོ་བྱུང་བ་རེད།

    དེ་ལྟར་ཁོང་གིས་ཕ་མར་རང་ཉིད་ཀྱིས་ལས་གཏོད་བྱས་ཏེ་ཤིང་བརྐོས་ཐོན་རྫས་བཟོ་རྒྱུའི་སྐོར་བཤད།

    སྐབས་དེ་དུས་མཆོག་ལས་ལ་དངུལ་སྒོར་1700ལས་མེད། འོན་ཀྱང་ལས་གཏོད་ཀྱི་མ་དངུལ་སྒོར་ཁྲི་7དགོས་པས་ཧེ་བག་ཆེན་པོ་ཡོད་པ་རེད།

    ཕ་མ་དང་མིང་སྲིང་7པོས་ཁོང་གིས་ཆོ་མེད་པའི་གཏམ་ཤོད་ཀྱི་འདུག་སྙམ་ཡང་ནན་ཏན་དེ་འདྲ་བྱེད་པ་མཐོང་སྐབས་མཆོག་ལས་ཀྱི་སེམས་ལ་རེ་བའི་ཉི་མ་ཤར་བ་ཤེས།

    དེས་ན་ནང་མིས་དངུལ་བསྡུས་ནས་ཁོང་ལ་རྒྱབ་སྐྱོར་བྱས། མིང་སྲིང་ཚོས་གལ་སྲིད་གྱོང་གུན་ཕོག་ན་འགན་མཉམ་དུ་འཁུར་རྒྱུའི་གྲོས་བསྡུར་བྱས་ཟིན། ཁོང་ཚོས་དེ་ལྟར་བྱེད་དོན་ནི་མཆོག་ལས་བདེ་སྐྱིད་ཚོར་ཆེད་རེད།

    ལོ་དེའི་ཟླ་4པར་བོད་བཟོའི་ཁྱིམ་ཆས་ཆུང་གྲས་དང་ཕྱེ་མར་འབོ་གཙོ་བོ་བྱས་པའི“དབང་སྐྱོན་མི་སྣའི་མཛའ་གྲོགས་བརྐོས་རྒྱག་བཟོ་གྲྭ”དངོས་སུ་བཙུགས།

    ལོ་དེའི་ལོ་མཇུག་ལ་བཟོ་གྲྭར་གྱོང་གུན་སྒོར་ཁྲི་40ལྷག་ཙམ་ཕོག འོན་ཀྱང་གནས་ཚུལ་དེ་ནི་ནང་མི་སྤུན་མཆེད་ཚོས་སྔོན་ནས་བསམ་ཚོད་ཐུབ་ཡོད།

    དངུལ་མང་པོ་དེ་འདྲ་གྱོང་གུན་ཕོག་པའི་དབང་གིས་དེ་སྔ་ལས་གཏོད་ལ་སྤྲོ་སེམས་རབ་ཏུ་འཕེལ་བའི་མཆོག་ལས་ཀྱིས་ལས་གཏོད་བྱེད་པར་ལས་སླ་པོ་མེད་པ་ཤེས། ཁོང་ཉལ་བའི་གཉིད་དང་ཟས་པའི་བཅུད་ལས་བྲལ་ཏེ་གནད་དོན་གང་དུ་ལྷག་མིན་བསམ་བློ་བཏང་བ་དང་ནང་མི་ཚོས་བསགས་བསགས་གྲུང་གྲུང་བྱས་པའི་དངུལ་རྣམས་དེ་ལྟར་ཆུད་ཟོས་སུ་གཏོང་མི་རུང་སྙམ།

    ལོ་གཉིས་པར་ནང་མི་ཚོས་མུ་མཐུད་རྒྱབ་སྐྱོར་བྱས་པ་དང་མཆོག་ལས་ཀྱིས་ཉམས་མྱོང་ཕྱོགས་སྡོམ་དང་གྲོགས་པོའི་བསམ་འཆར་ཉན་རྗེས་སླར་ཡང་ལས་གཏོད་བྱས།

    ཐེངས་འདིར་ཁོང་གིས་ཕྱེ་མར་འབོ་ཁོ་ན་བཟོས་པ་དང་དེར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་མ་ཟད། རང་ཉིད་ངོ་མས་ཇུས་འགོད་བྱས་པའི་བཟོ་ལྟ་དང་ཐོན་རྫས་བཟོ་གྲྭ་གཞན་གྱི་རྗེས་སུ་མི་ལུས་པ་བྱེད་དགོས་སྙམ། དེ་དང་ཆབས་ཅིག་མཆོག་ལས་ཀྱིས་བྲིན་ཚོང་བསམ་ཕྱོགས་བསྒྱུར་ཏེ་མངགས་ཐོ་རྣམ་པའི་བྲིན་ཚོང་བྱས་པ་དང་། ད་དུང་མངའ་རིས་དང་ནག་ཆུ་སོགས་ས་ཁུལ་དུ་སྡེབ་ཚོང་བརྒྱབ། འགྲེམས་ཚོགས་སྣ་ཚོགས་ལ་ཞུགས། ལས་རིགས་གཅིག་པ་དང་འཁྲུག་ཆ་དོད་པའི་ཁྲོམ་རར་ཚོང་མཉམ་དུ་མི་འདོན་པར་སྡེ་ཁུལ་དང་གྲོང་མིའི་སྒོ་འགྲམ་དུ་ཚོང་བར་བསྐྱོད་པ་བཅས་བྱས།

    ཇུས་འགོད་གསར་པ་དང་བྲིན་ཚོང་བྱེད་སྟངས་གསར་པར་ཁྲོམ་རའི་དགའ་བསུ་ཐོབ་པས་མཆོག་ལས་ལ་ཁེ་བཟང་བྱུང་།

    2014ལོར་བརྐོས་རྒྱག་བཟོ་གྲྭ་དེ་ཉིད“མལ་གྲོ་གུང་དཀར་རྫོང་དབང་སྐྱོན་ཞིང་འབྲོག་པའི་མཛའ་གྲོགས་མཉམ་ལས་ཁང”ལ་བསྒྱུར་བ་མ་ཟད། 1:1དང་ཐ་ན་དེ་ལས་མཐོ་བའི་བསྡུར་གྲངས་ཐོག་ནས་དབང་སྐྱོན་མི་སྣ་མཉམ་ལས་ཁང་དུ་ལས་ཞུགས་བྱེད་པར་བཀུག

    2015ལོར་མཆོག་ལས་རང་ངོ་མས་ཇུས་འགོད་བྱས་པའི་ཕྱེ་མར་འབོ་བཟོ་འགོ་ཚུགས། འོན་ཀྱང་ཕྱེ་མར་འབོ་ནི་ལོ་གསར་ཁོ་ནར་བྲིན་ཁ་རྒྱུག་པ་ཙམ་ཡིན་པས། ཁོང་གིས་ཡུལ་སྐོར་བ་མང་བའི་དུས་ཚོད་ལ་བཟོ་རྩལ་ཐོན་རྫས་དང་། མཛེས་སྤྲོས་སྒྲིག་ཆས། དྲན་རྟེན་དངོས་པོ་སོགས་བཟོས་ནས་ཐོན་རྫས་མང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་དེ་བས་མང་བ་ལས་ཞུགས་བྱེད་པར་བཀུག

    ལོ་དེ་རང་ལ་བསམ་བློ་གཏོང་མཁས་པ་དང་གསར་གཏོད་བྱེད་ཕོད་པའི་མཆོག་ལས་ལ་ལས་གཏོད་ཀྱི་བསམ་གཞི་གསར་པ་རྙེད།

    སྟབས་འཁེལ་བ་ཞིག་ལ། མཆོག་ལས་ལ་རང་ཉིད་ཆུང་དུས་སྦྱངས་མྱོང་ནའང་ད་བར་ལོ་མང་པོ་སྤྱོད་མྱོང་མེད་པའི་སྦྱང་ཤིང་ལ་སླར་ཡང་ལག་པ་འཆང་བའི་གོ་སྐབས་བྱུང་། སྦྱང་ཤིང་ནི་བོད་ཡིག་ཡིག་གཟུགས་སྦྱོང་སྐབས་དགོས་ངེས་ཀྱི་སློབ་ཆས་ཤིག་ཡིན་པས་ཁོང་གིས་སྦྱང་ཤིང་གི་ཁྲོམ་རའི་མདུན་ལམ་ལ་དོ་ཁུར་བྱེད་འགོ་ཚུགས།

    བསམ་ཚུལ་དེ་འདྲ་བྱུང་རྗེས། ཁོང་གིས་བོད་ཡིག་ཡིག་གཟུགས་མཁས་ཅན་སར་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་མ་ཟད། 2015ལོའི་བོད་ལྗོངས་འགྲེམས་ཚོགས་ཐོག་སྦྱང་ཤིང་50བཟོས་ཏེ་རང་ཁྱིམ་གྱི་ཤིང་བརྐོས་ཐོན་རྫས་འགྲེམས་ཁུལ་མདུན་དུ་བཞག བསམ་ཡུལ་ལས་འདས་པ་ཞིག་ལ་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས་ཁྲོམ་རར་དགའ་བསུ་ཚད་མེད་ཐོབ།

    “སྦྱང་ཤིང་བཟོ་མཁན་མེད་པ་མ་གཏོགས་བེད་སྤྱོད་གཏོང་མཁན་མེད་པ་མ་རེད”སྙམ་པ་ལས་མཆོག་ལས་ཀྱིས་སྦྱང་ཤིང་བཟོ་བའི་ཐོན་ལས་ལ་གཞོལ་བའི་ཡིད་ཆེས་འཕེལ།

    2016ལོར། མཆོག་ལས་ཀྱིས“བོད་ཀྱི་མཐོ་སྒང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི”བཙུགས་ནས་ཆེད་མངགས་སྦྱང་ཤིང་དང་མཉམ་དུ་ཐིག་རྐྱལ་དང་སྨྱུ་གུ་སོགས་འཚོང་གི་ཡོད།

    འདི་ལོའི་ལོ་སྟོད་དུ་མཆོག་ལས་ཀྱིས་བར་སྐོར་དང་ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ་དུ་སྦྱང་ཤིང་གི་རིག་གནས་ཉམས་ལེན་ཁང་དང་ཐད་འཚོང་ཁང་ཞིག་སོ་སོར་བཙུགས་པ་མ་ཟད། ཆེད་མངགས་ཡིག་གཟུགས་མཁས་པ་གདན་དྲངས་ཏེ་ཕྲུ་གུ་ཚོར་རིན་པ་མི་དགོས་པར་སྦྱང་ཤིང་ཐོག་ཡིག་གཟུགས་འབྲི་སྟངས་བསླབས་པ་དང་། སྐད་འཕྲིན་དང་ཐའོ་པའོ་དྲ་བ་སོགས་བརྒྱུད་དྲ་རྒྱའི་བྲིན་ཚོང་ཐབས་ལམ་བཙལ་བས་ཟླ་རེར་བྲིན་ཚོང་དངུལ་སྒོར་ཁྲི་15ཟིན་ཡོད་པ་རེད།

    སྲོལ་རྒྱུན་གྱི་སྦྱང་ཤིང་ཆེ་ལ་ལྗིད་པོ་ཡོད་སྟབས་ཕྲུ་གུ་ཚོས་འཁྱེར་བདེ་པོ་མེད། མཆོག་ལས་ཀྱིས་བསམ་བློ་དྲུག་སུམ་བཅོ་བརྒྱད་བཏང་སྟེ་ནང་ས་ནས་ཤིང་བཟོ་གླས་ཏེ་ལྟེབ་རྩེག་རྒྱག་ཆོག་པའི་སྦྱང་ཤིང་ཆུང་གྲས་ཞིབ་བཟོ་བྱས། འདི་ལོ་ཟླ་6པའི་ཟླ་མཇུག་ཏུ་ཁྲོམ་རར་བཏོན་མ་ཐག་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་དང་། གཟའ་འཁོར་དེ་རང་ལ་བྲིན་ཚོང་དངུལ་སྒོར་ཁྲི་3ནས་སྒོར་ཁྲི་5བར་འཕར་བ་རེད།

    413218_yis_1499661999744.jpg

    འདི་ནི་མཆོག་ལས་དང་བོད་ཡིག་ཡིག་གཟུགས་སྦྱོང་མཁན་གྲོགས་པོ་ཆུང་ཆུང་མཉམ་དུ་བརྒྱབ་པའི་ལྷན་འཛོམས་འདྲ་པར་ཡིན་པ།

    413221_yis_1499662001210.jpg

    མཆོག་ལས་ཀྱིས་སྦྱང་ཤིང་ཐོག་ཡི་གེ་འབྲི་རྒྱུར་དགའ་པོ་ཡོད་མཁན་གྱི་བསམ་འཆར་ནན་ཏན་ངང་ཉན་བཞིན་པ།

    413219_yis_1499662000180.jpg

    མཆོག་ལས་ཀྱིས་གསར་འགོད་པར་རང་ཉིད་ཀྱིས་ཞིབ་སྤེལ་བྱས་པའི་ཐོན་རྫས་གསར་པ་ལྟེབ་རྩེག་རྒྱག་ཆོག་པའི་སྦྱང་ཤིང་སྟོན་བཞིན་པ།

    413223_yis_1499662002209.jpg

    འདི་ནི་ཀུང་སིའི་ལས་མི་བསྟན་འཛིན་གྱིས་སྦྱང་ཤིང་གི་མཁོ་ཆས་འཚེམ་བཞིན་ཡོད་པ།

    413222_yis_1499662001725.jpg

    འདི་ནི་ཀུང་སིའི་ལས་མི་མིག་དམར་སྒྲོལ་མས་སྦྱང་ཤིང་གི་མཁོ་ཆས་འཚེམ་བཞིན་ཡོད་པ།

    413225_yis_1499662003191.jpg

    འདི་ནི་མཐོ་སྒང་སྦྱང་ཤིང་བཙོངས་རྗེས་ཞབས་ཞུ་ཁང་དུ་སློབ་མ་ཚོས་སྦྱང་ཤིང་ཐོག་བོད་ཡིག་ཡིག་གཟུགས་སྦྱོང་བའི་གནས་ཚུལ་ཡིན་པ།

    413220_yis_1499662000773.jpg

    འདི་ནི་མཆོག་ལས་ཀྱི་མཐོ་སྒང་ཚོང་རྟགས་ཀྱི་སྦྱང་ཤིང་ཚོང་ཁང་ནང་སྦྱང་ཤིང་སྣ་ཚོགས་བསྒྲིགས་པའི་གནས་ཚུལ་ཡིན་པ།

    413226_yis_1499662003659.jpg

    འདི་ནི་མཐོ་སྒང་ཚོང་རྟགས་ཀྱི་ལྟེབ་རྩེག་རྣམ་པའི་སྦྱང་ཤིང་གི་བཟོ་ལྟ་དང་དེ་བཞིན་ཡིག་ཆས་ཆ་ཚང་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།