[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེས“ས་གྲོལ་དཔལ་འབྱོར”འཕེལ་རྒྱས་བཏང་བའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-25

    འདི་ལོའི་ཟླ་4ཚེས་15ཉིན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བདེ་ཆེན་3900ནས་ཀྱི་དབུལ་སྐྱོར་ཐོན་ལས་དཔེ་སྟོན་གླིང་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། དེ་གར་གཞིས་རྩེའི་ས་གྲོལ་ཐོན་ལས་དབུལ་སྐྱོར་གྱི་ཡོང་འབབ་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་བཞིན་ཡོད། བདེ་ཆེན་3900ཀུང་སིས་2018ལོའི་ས་གྲོལ་ཐོན་ལས་དབུལ་སྐྱོར་གྱི་ཡོང་འབབ་སྒོར་ཁྲི་200དིང་རི་དང་ངམ་རིང་རྫོང་གཉིས་ལ་བགོ་བཤའ་བརྒྱབ་པ་རེད།

    དིང་རི་རྫོང་ཇོ་མོ་གླང་མའི་འདབས་སུ་གནས་པ་དང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ལྟེ་བའི་ཁུལ་དང་བར་ཆོད་ས་ཁུལ་ཡིན་པའི་ངོས་ནས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཤུགས་ཆེན་ཕོག་པ་དང་། ངམ་རིང་རྫོང་ནི་གཞིས་རྩེའི་ས་བབ་མཐོ་ཤོས་ཀྱི་རྫོང་གི་གྲས་ཤིག་ཡིན་པས། རང་བྱུང་ཐོན་ཁུངས་ཞན་སྟབས་ཐོན་ལས་འཕེལ་རྒྱས་ལ་དེ་མཚུངས་ཀྱི་ཚོད་འཛིན་ཆེན་པོ་ཕོག་ཡོད། རྫོང་དེ་གཉིས་ནི་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་བའི་རྫོང་ཡིན་པ་རེད།

    2018ལོར་བསམ་གྲུབ་རྩེ་ཆུས་བདེ་ཆེན་3900ཀུང་སིས་དིང་རི་དང་ངམ་རིང་རྫོང་གཉིས་དང“ས་གྲོལ་དཔལ་འབྱོར”གྱི་གྲོས་མཐུན་བཞག་ནས་མཉམ་ལས་བྱ་རྒྱུའི་གཏན་འཁེལ་བྱས་པ་དང“སྲིད་གཞུང་དང་ཁེ་ལས”ཟུང་དུ་སྦྲེལ་བའི་ཁེ་ཕན་སྦྲེལ་མཐུད་བྱེད་སྟངས་བཏོད་པས་ཁེ་ལས་དང་། སྲིད་གཞུང་། དུད་ཚང་དབུལ་པོ་བཅས་ཚང་མར་ཕན་པ་ཐོབ་པའི་གཉིས་ཁེ་གཉིས་ཕན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    གཞིས་རྩེའི་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རིང་གཞིས་རྩེས་རྫོང་དང་ཆུས་འགའ་ཞིག་ལ་ཐོན་ཁུངས་དེ་ཙམ་འབེལ་པོ་མེད་པ་དང་། གཉེར་སྐྱོང་བྱེད་པོ་ཉུང་བ། ཐོན་ལས་དབུལ་སྐྱོར་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། “ས་གྲོལ་དཔལ་འབྱོར”གྱི་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། རྫོང་དང་ཆུས་འགའ་ཞིག་གི་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་རྣམས་གཞི་ཁྱོན་གྲུབ་པ་དང་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོན་པའི་དབུལ་སྐྱོར་ཁེ་ལས་ལ་སྤྲད་པས་དབུལ་སྐྱོར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་སྟེ་དབུལ་སྐྱོར་ཁེ་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་མ་ཟད། ནུབ་རྒྱུད་རྫོང་ལ་མ་དངུལ་ཡོད་ཀྱང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་དཀའ་བའི་འགལ་ཟླ་ནུས་ལྡན་བསལ་ནས་མང་ཚོགས་དབུལ་པོར་ཕྱུག་འགྱུར་ལམ་བུ་ཞིག་འཚོལ་རོགས་བྱས་ཡོད། མིག་སྔའི་བར་གཞིས་རྩེས་བདེ་ཆེན་3900ཀུང་སི་ཚུད་པའི་དབུལ་སྐྱོར་ཁེ་ལས་3ལ“ས་གྲོལ་དཔལ་འབྱོར”གྱི་ཐབས་ལ་བརྟེན་ནས་ཡུལ་གཞན་གྱི་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བདེ་བླག་བཏང་བས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོན་པ་མ་ཟད། དབུལ་སྐྱོར་བྱེད་སྟངས་སྣ་མང་ཅན་ཡང་མངོན་འགྱུར་ཐུབ་ཡོད།

    “བདེ་ཆེན་3900ཀུང་སིས་གཞི་ཁྱོན་ལྡན་པ་དང་། རིག་གནས་ཡོད་པ། འགན་འཁྲི་འཁུར་བ་བཅས་ཀྱི་ཁེ་ལས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་འཛད་སྤྱོད་པར་རང་བྱུང་དང་། སྣོད་བཅུད། བདེ་འཇགས། བདེ་ཐང་བཅས་ཀྱི་ཐོན་རྫས་མཁོ་འདོན་ལ་གཞོལ་ནས་འགན་འཁྲི་ཡག་པོ་འཁུར་ཏེ་དམངས་འཚོའི་བྱ་བ་ཡག་པོ་བསྒྲུབས་ཡོད། “ནས་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་འདྲེན་བྱེད་དགོས་ལ། ད་དུང་ནས་ཐོན་ལས་དབུལ་སྐྱོར་གྱི་སྣེ་འདྲེན་ཡང་བྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས”ཞེས་བདེ་ཆེན་3900ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཞུའེ་ཐིང་གིས་བཤད་པ་དང་། ཁོང་གིས་ད་རེས་དིང་རི་དང་ངམ་རིང་རྫོང་གཉིས་ལ་ཡོང་འབབ་སྒོར་ཁྲི་200བགོ་བཤའ་བརྒྱབ་པ་དེ་མཚོན་ཚུལ་ཡག་ཤོས་ཤིག་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།