[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཐོན་ལས་ལ་གསོན་ཤུགས་རྒྱས་པ་དང་། འབབ་འཕར་སྒུལ་ཤུགས་ལྡན་པ།

    —— མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྒྲིལ་གླེང་། (སྟོད་ཆ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-22

    662355_yis_1568781214576.jpg

    འདི་ནི་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ལས་དོན་མི་སྣས་ཡུལ་སྐོར་བའི་རྡོག་ཁྲེས་དབོར་བཞིན་པ།

    ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག་ད་ཆ་མངའ་རིས་ས་ཁུལ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་འཚོ་བ་ཉིན་བཞིན་བདེ་སྐྱིད་ལྡན།

    དཔེ་སྟོན་གྱི་སྣེ་ཁྲིད་ལས་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན།

    ཚེ་རིང་དར་པོ་ནི་རུ་ཐོག་རྫོང་རི་གསུམ་ཤང་སྡེ་རུབ་གྲོང་ཚོའི་གྲོང་མི་ཡིན་པ་དང་ལྷན་སྐྱེས་སྟོད་སྒུར་ནད་ཕོག་ཡོད། འོན་ཀྱང་གཟུགས་ཆུང་བའི་སྐྱེས་པ་དེ་ནི་སྡེ་རུབ་གྲོང་ཚོའི་ཕྱུག་འགྱུར་གྱི་གྲགས་ཅན་མི་སྣ་ཞིག་རེད།

    འདི་ལོ་ཚེ་རིང་དར་པོས་སྡེ་རུབ་གྲོང་ཚོའི་སོ་ཕག་བཟོ་གྲྭར་སྒོར་ཁྲི་40ལྷག་ཙམ་བཏང་ནས་རང་འགུལ་ཅན་གྱི་སོ་ཕག་འཕྲུལ་ཆས་ཉོས་པ་རེད།

    སྡེ་རུབ་གྲོང་ཚོའི་སོ་ཕག་བཟོ་གྲྭར་བསྐྱོད་སྐབས་ལ་ལ་ཨར་འདམ་བརྫི་བ་དང་། ལ་ལ་སྲེག་མ་དབོར་བ། ལ་ལས་འཕྲུལ་ཆས་གཏོང་བ་སོགས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། སྡེ་རུབ་གྲོང་ཚོའི་ལོ་41ལ་སླེབས་པའི་གངས་མཚོ་ལྷ་མོ་སོ་ཕག་བཟོ་གྲྭར་ལས་ཀ་བྱས་ན་ལོ་4འགྲོ་གི་ཡོད། ད་ཆ་ཁོང་ལས་སྒོ་བྱང་ཆུབ་ཅིང་། ཁོང་གིས“ཉིན་རེར་གླ་ཆ་སྒོར་200ཡོད་པ་དང་ལས་ཀ་དཀའ་ལས་དེ་ཙམ་མི་འདུག་ལ། ལོ་མཇུག་ལ་ད་དུང་བྱ་དགའི་དངུལ་སྤྲོད་ཀྱི་འདུག ང་ལ་རིག་གནས་མེད་ཙང་ལས་ཀ་དེ་འཚམ་པོ་འདུག”ཅེས་ཁོང་གིས་གད་མོ་དགོད་བཞིན་དུ་བརྗོད།

    གསར་དུ་ཉོས་པའི་རང་འགུལ་ཅན་གྱི་ནུས་མང་འཕྲུལ་ཆས་དེས་སྐར་ཆ་18རེར་སོ་ཕག་20བཟོ་ཐུབ་ཀྱི་ཡོད། “སོ་ཕག་རེར་ཆ་སྙོམས་སྒོར་1.5བྱེད་པ་དང་འཕྲུལ་ཆས་ཀྱིས་ཉིན་གཅིག་ལ་སོ་ཕག་ཁྲི་2.2བཟོ་ཐུབ་པས་སྒོར་ཁྲི་3.3ལྷག་ཙམ་རག་གི་ཡོད། ང་ཚོའི་སོ་ཕག་རྫོང་ཡོངས་སུ་འཚོང་གི་ཡོད་ལ། བྲིན་ཁ་རྒྱུག་པོ་འདུག”ཅེས་ཚེ་རིང་དར་པོས་གད་མོ་དགོད་བཞིན་བརྗོད།

    ཚེ་རིང་དར་པོས་རྩིས་ཤིག་རྒྱག་སྐབས། སྡེ་རུབ་གྲོང་ཚོའི་སྲེག་མ་བཟོ་གྲྭའི་ཕན་འབྲས་ཟམ་མི་ཆད་པར་ལེགས་སུ་འགྲོ་བས། ཡོང་འབབ་ཀྱང་2014ལོའི་སྒོར་ཁྲི་120ནས་2018ལོར་སྒོར་ཁྲི་500བར་འཕར་ཡོད། སྡེ་རུབ་གྲོང་ཚོའི་སྲེག་མ་བཟོ་གྲྭ་དང་སོ་ཕག་བཟོ་གྲྭར་མང་ཚོགས་20བསྡུས་པའི་ནང་དུད་ཚང་དབུལ་པོ་8ཡོད་པ་དང་། མི་རེར་ལོ་རེར་གླ་ཆ་སྒོར་ཁྲི་2ལྷག་ཙམ་སྤྲོད་ཀྱི་ཡོད་པ་རེད།

    ད་ཕན་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་མང་ཚོགས་དབུལ་པོའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་བརྟན་པོའི་ངང་མངོན་འགྱུར་ཡོང་བར་དམིགས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ། མང་ཚོགས་ཀྱི་འདུན་པ་སོགས་ཕྱོགས་ཁག་གི་རྒྱུ་རྐྱེན་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་དམངས་ཕྱུག་ཐོན་ལས་ཟམ་མི་ཆད་པར་སྐྱེད་སྲིང་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྡེ་རུབ་གྲོང་ཚོའི་སོ་ཕག་བཟོ་གྲྭ་དང་འདྲ་བའི་དབུལ་སྐྱོར་རྣམ་གྲངས་མངའ་རིས་ས་ཁུལ་གྱིས་88འཆར་འགོད་ལག་བསྟར་བྱས་པ་དང་ཁྱོན་ལ་དངུལ་སྒོར་དུང་ཕྱུར་14.69བཏང་ཡོད། ལོ་གསུམ་རིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་10.73བཏང་བའི་ཐོན་ལས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་59ལས་འགོ་ཚུགས་པ་དང་ཐོན་ལས་88གྲུབ་ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་14854ལ་ཕན་པ་ཐོབ་ཡོད།

    མཉམ་དུ་ལག་གདང་སྦྲེལ་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས།

    ད་ཕན་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་དེང་རབས་ཅན་གྱི་ལག་རྩལ་ནང་འདྲེན་བྱས་ནས་གཞི་ཁྱོན་ཅན་གྱི་ཞིང་ལས་འཕེལ་རྒྱས་བཏང་སྟེ་གྲོང་ཚོར་ཀྭ་རིགས་དང་སྔོ་ཚལ་བཏབ་པར་བརྟེན་ས་གནས་མང་ཚོགས་ཀྱི་སྔོ་ཚལ་གྱི་དགོས་མཁོ་བསྐངས་བ་མ་ཟད། དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ཁུལ་དེ་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡོད་པ་དང་གླིང་ཁུལ་དེར་ས་ཁྱོན་མུའུ་730ཡོད་པ་དེ་ནི་སྔོ་ཚལ་དང་མེ་ཏོག སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བཅས་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་ཞིག་རེད། གླིང་ཁུལ་གྱི་འགན་འཁུར་བས་གླིང་ཁུལ་དུ“ཀུང་སི་+མཉམ་ལས་ཁང་+ཞིང་འབྲོག་པ”བཅས་མཉམ་ལས་བྱེད་ཐབས་ལག་བསྟར་དང་ཁེ་ལས་ཀྱིས་མ་དངུལ་དང་ལག་རྩལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། མཉམ་ལས་ཁང་གིས་ཞིང་འབྲོག་པའི་ངལ་རྩོལ་ཉིན་གྲངས་ལ་གཞིགས་ནས་ཐོབ་ཆ་བགོ་བ་མ་ཟད། ས་གནས་ཀྱི་དུད་ཚང་དབུལ་པོར་ལས་ཀའི་གོ་སྐབས་མཁོ་འདོན་བྱས་ཏེ་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཡོད། གླིང་ཁུལ་དུ་ད་དུང་ལས་ཞུགས་ལས་གནས་200མང་དུ་བཏང་ནས་མང་ཚོགས་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་ས་གནས་མང་ཚོགས་རྣམས་སྣོད་བཅུད་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་ཡོད་ཅེས་བཤད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་སྟེ་ཁམས་བདེ་ཁུལ་ཆུང་གསར་པའི་གླིང་ཁུལ་དུ་ལས་སྟེ་མི་80ཙམ་ཡོད་ཅིང་། འཇམ་དབྱངས་ནི་ཁམས་བདེ་ཁུལ་ཆུང་གི་གྲོང་མི་ཡིན། ཁོང་གིས་གླིང་ཁུལ་དུ་ལས་ཀ་བྱས་ནས་ལོ་གཉིས་ཙམ་སོང་བས་ད་ཆ་ཤིས་ཀྭ་ལག་རྩལ་ཁོང་དུ་བརྟན་པོ་ཆུད་ཡོད། ང་ལ་ཉིན་རེར་གླ་ཆ་སྒོར་200ཡོད་པ་དང་ལས་ཀ་བརྟན་ལ་ཁྱིམ་ཚང་དང་ཡང་ཐག་ཉེ་བས་རྦད་དེ་བློ་ཡིད་ཚིམ་སོང་ཞེས་བཤད།

    ཁྱད་ལྡན་ཡུལ་སྐོར་གྱིས་དམངས་ཕྱུག་གི་བདེ་ལམ་བཏིང།

    ད་ཕན་ལོ་ཤས་རིང་། ཉིན་བཞིན་འཕེལ་རྒྱས་འགྲོ་བའི་ཡུལ་སྐོར་ལས་རིགས་ཁྲོད་མང་ཚོགས་མི་ཉུང་བ་ཞིག་སྲོལ་རྒྱུན་གྱི་ཕྱུགས་འཚོའི་ལས་ནས་ཏེ་ཡུལ་སྐོར་ལས་ལ་ཞུགས་བཞིན་ཡོད། སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་འབྲི་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་དུས་འགོར་གངས་ས་གྲོང་ཚོའི་མང་ཚོགས་ལ་འབྲི་གཡག་དང་རྟ་ལ་བརྟེན་ནས་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་ཚོགས་པ་ཆུང་ཆུང་ཞིག་བཙུགས་ཤིང་། 1996ལོར་གྲོང་ལྷན་གྱིས་བློ་ཐག་བཅད་པ་བརྒྱུད། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་རྣམ་པའི་ཐོག་ནས་གངས་ས་གྲོང་ཚོའི་འབྲི་གཡག་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་88མ་རྐང་ནང་ཞུགས་པ་དང་དངུལ་བུན་སྒོར་ཁྲི་88གཡར་ནས་རྟ་ཉོ་བ་དང་སྡོད་ཁང་ཉམས་གསོ་བྱས་ཤིང་། 2010ལོར་སྤུ་ཧྲེང་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ངོ་བོ་ལྡན་པའི་སྐྱེལ་འདྲེན་ཞབས་ཞུའི་རུ་ཁག་བཙུགས་པ་རེད། 2017ལོར་ས་ཁུལ་དམངས་སྲིད་ཅུས་ཀྱི་དངོས་སུ་ཆོག་མཆན་ཐོབ་རྗེས་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཀྱི་ངོ་བོ་ལྡན་པའི་གངས་ས་འབྲི་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཙུགས་པ་རེད།

    2019ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་བར། གངས་ས་གྲོང་ཚོའི་འབྲི་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སུ་དུད་ཚང་327ཡི་མི་1133དང་། འབྲི་གཡག་2266 རྟ་1133བཅས་ཡོད་ལ། ཡུལ་སྐོར་ཞབས་ཞུ་ཁྱབ་ཚད་99%ཟིན་པ་དང་ཡུལ་སྐོར་ཞབས་ཞུའི་ཡོང་འབབ་སྒོར་ཁྲི་890ལྷག་ཙམ་ལས་བརྒལ་ཏེ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8500བྱུང་ཡོད། ངལ་ནུས་ཕྱིར་གཏོང་མི་ཐེངས་6000བྱས་པ་དང་ཞིང་འབྲོག་མང་ཚོགས་1125སྣེ་ཁྲིད་ཀྱིས་ཉེ་འཁོར་རྫོང་དང་གྲོང་ཚོར་ངལ་རྩོལ་ནུས་ཤུགས་མི་ཐེངས་1000ཙམ་མཁོ་འདོན་བྱས་ཡོད། མང་ཚོགས་དབུལ་པོའི་དུད་ཚང་76ཡི་མི་198ཡུལ་སྐོར་ཞབས་ཞུའི་ཐོན་ལས་ལ་ཞུགས་པ་དང་ཆ་སྙོམས་མི་རེར་ཡོང་འབབ་སྒོར་8500བྱུང་ཡོད།

    2018ལོར་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་87.08ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10.42བྱུང་ཡོད་ལ་ཞིང་འབྲོག་མང་ཚོགས་ཐད་ཀ་དང་བར་བརྒྱུད་ཐོག་ནས་ཡུལ་སྐོར་ལས་རིགས་ནང་ཞུགས་ཚད་ཁྲི་1.26ཟིན་ནས་ཡོང་འབབ་སྒོར་དུང་ཕྱུར་1.13བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།