[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་སྟོད་ཀྱི་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷ་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-17

     ཚེས་14ཉིན། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བླང་བྱ་གཞིར་བཟུང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་བྱས་ནས་བརྟན་ལྷིང་དང་ཡར་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཟབ་ཏུ་གཏོང་བ་བཅས་བརྒྱུད་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཆེ་དགྲ་ལྷས་གསུངས་དོན། འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ“སྲ་བརྟན་དང་། ཆེར་གཏོང་། མཐོར་གཏོང་། ཤར་བགྲོད”བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལ་དམ་པོར་དམིགས་པ་དང་། “དྲུག་བརྟན”གྱི་བླང་བྱ་དོན་འཁྱོལ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་རྩ་བའི་བྱ་ཐབས་སུ་འཛིན་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས“ཐོན་ལས་ཆེ་གྲས་བདུན”འཕེལ་རྒྱས་གཏོང་བ་བཅས་བྱས་པས་ལོ་སྟོད་ཀྱི་དཔལ་འབྱོར་དེ་ལུགས་མཐུན་ཁུལ་དུ་འཁོར་རྒྱུག་ཐུབ་པ་དང་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྤྱི་ཡོངས་བརྟན་པོ་དང་། བརྟན་ཐོག་ཡར་འཕེལ། བརྟན་ཐོག་ལེགས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཟླ་བདུན་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་སྐབས་འདིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་70%ཚད་བརྒལ་བྱུང་བ་དང་ཟླ་དྲུག་པའི་ཟླ་མཇུག་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9དང་1.5སོ་སོར་མཐོ་བ་ཡོད་པ་རེད།

    ཆེ་དགྲ་ལྷས་བླང་བྱ་བསྟན་དོན། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་དམིགས་པ་དང“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ”ཚད་གཞིར་འཛིན་ནས་དབུལ་སྒྲོལ་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པ་དང་། “ས་ངན”ཡུག་འབྲེལ་ཁུལ་གྲོང་ཁྱེར་བརྒལ་ནས་སྤྱི་ཡོངས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། “བཅོས་སྒྲིག་གསུམ་དང་མཐོར་གཏོང་གསུམ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་སྲིད་འཛིན་གྲོང་ཚོ་དང་། རྒྱལ་ཁབ་དང་ཞིང་ཆེན་ལམ། ལྕགས་ལམ་ལམ་རྒྱུད། མཚོ་དང་གཙང་པོ་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཡག་པོ་བྱེད་པ། རྩིས་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཆེན་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དམངས་འཚོ་འགན་ལེན་ལ་དམིགས་ཏེ་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དུས་རབས་གསར་པའི་ལས་རིགས་སློབ་གསོ་ཡག་པོ་གཉེར་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་མཐོའི་ཡུལ་ནད་སོགས་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རིག་གནས་ལུས་རྩལ་བྱེད་སྒོ་ཤུགས་ཆེན་སྤེལ་ནས་སྤྱི་པའི་ཞབས་ཞུ་འགན་སྲུང་ལས་དོན་ཡག་པོ་སྒྲུབ་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ་དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་དང་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྣམ་གྲངས་ཀྱི་མ་འཇོག་ཕན་འབྲས་མཐོ་རུ་ཏན་ཏིག་གཏོང་དགོས། ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ་ཡུལ་བབ་དང་བསྟུན་ནས“རྫོང་རེ་སྤུས་རྟགས་རེ”གཏོད་དགོས། འགན་ནུས་སྤོ་སྒྱུར་ལ་དམིགས་ཏེ“གློད་སྡོམ་ཞབས”གསུམ་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང“དྲ་སྦྲེལ+སྲིད་དོན་ཞབས་ཞུ”འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་པར་བརྟེན་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་བརྟན་ལྷིང་ལ་དམིགས་ཏེ་བདེ་འཇགས་ཐོན་སྐྱེད་དོ་དམ་དང་ས་གཤིས་གནོད་འཚེ་འགོག་ཟོན་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།