[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྲིད་ཇུས་ཀྱི་ཕན་པ་འདོན་སྤེལ་གང་ལེགས་ཀྱིས། ཁུར་པོ་ཡང་དུ་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ལོ་སྟོད་དུ་བོད་ལྗོངས་ཀྱི་ཁྲལ་གཅོག་ཚད་སྒོར་དུང་ཕྱུར་21ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ད་ལོ་ནས་བཟུང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གཏན་འབེབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་དམངས་ཕན་ཁྲལ་གཉེར་ཞབས་ཞུའི་བྱེད་ཐབས་མུ་མཐུད་ལེགས་སུ་བཏང་བ་དང་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ལོ་སྟོད་དུ་རང་ལྗོངས་སུ་རིམ་རྩིས་བྱས་ན་ཁྲལ་གཅོག་ཚད་སྒོར་དུང་ཕྱུར་21.04ཟིན་ཡོད། དེའི་ནང་ད་ལོར་སྲིད་ཇུས་གསར་པ་བཏོན་ནས་ཁྲལ་སྒོར་དུང་ཕྱུར་11.53བཅག་པ་དང་2018ལོར་ཁྲལ་གཅོག་སྲིད་ཇུས་བཏོན་ནས་ད་ལོར་ཁྲལ་སྒོར་དུང་ཕྱུར་9.51བཅག་པར་བརྟེན། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཀྱི་ཕན་པ་དེ་རང་ལྗོངས་སུ་འདོན་སྤེལ་གང་ལེགས་ཐུབ་ཡོད་པ་རེད།

    ད་ལོ་ནས་བཟུང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་དོན་འཁྱོལ་བྱས་པའི་ཕན་པ་ལས་རང་ལྗོངས་ཀྱི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་ལ་སྒུལ་ནུས་གསར་པ་བསྣན་པ་དང་དུས་མཚུངས་རང་ལྗོངས་ཀྱི་ཁྱད་ལྡན་དཔལ་འབྱོར་གྱི་གོང་འཕེལ་ལ་སྔར་བས་སྐུལ་མ་ནུས་ལྡན་ཡང་བཏང་བ་རེད།

    “རྒྱལ་ཁབ་ཀྱི་ད་རེས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དངོས་གནས་དུས་ལ་བབ་པ་དང་། ང་ཚོའི་ཁེ་ལས་ལ་མཚོན་ན་ཧ་ཅང་ཡིད་མགུ་བ་ཞིག་རེད”ཅེས་བོད་ལྗོངས་ཁ་བྲོ་འབྲུ་རིགས་ཞིང་ལས་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་ནོར་དོན་འགན་འཁུར་བ་ཆིན་ཞང་དབྱིང་གིས་བརྗོད་ཅིང་། ཁོང་གིས“གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་16%ནས་13%ལ་ཆག་རྗེས་ང་ཚོས་ལོ་སྟོད་ལ་སྒོར་ཁྲི་9.5ཡི་ཆག་ཡང་གི་ཕན་འབྲས་ལོངས་སྤྱོད་ཐུབ་པ་དང་ལོ་ཧྲིལ་པོར་ང་ཚོར་སྔོན་དཔག་བྱས་ན་སྒོར་ཁྲི་106ཆག་ཡང་ཐུབ་རྒྱུ་རེད། དེ་ལས་ང་ཚོས་ཞིབ་སྤེལ་ཚོགས་པ་སྔར་བས་འཐུས་ཚང་དུ་བཏང་སྟེ་ནས་ཀྱི་བཟའ་བཅའི་ཐོན་ཟོག་སྣ་ཁ་མུ་མཐུད་མང་དུ་གཏོང་རྒྱུར་ཕན་ཐོགས་ཡོད”ཅེས་བཤད་པ་རེད།

    གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁོངས་སུ་ཡོད་པ་དང་ལོ་ལྟར་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་རྣམས་ཡོང་ནས་ལྐོག་གྱུར་དང་མཛེས་སྡུག་ལ་མྱོང་རོལ་བྱེད་བཞིན་ཡོད། དེ་གར་མགྲོན་ཁང་གཉེར་མཁན་ཧྲུའུ་ལིན་ཧྥེས“རྒྱལ་ཁབ་ཀྱི་སྲིད་ཇུས་སྔར་བས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་དང་ད་ལོའི་ལོ་སྟོད་དུ་ཁྲལ་བསྡུའི་འགོ་འཛུགས་ས་སྒོར་ཁྲི་10བར་མཐོ་རུ་བཏང་རྗེས་ང་ཚོར་དཔྱ་ཁྲལ་ཆག་ཡང་བཏང་ཡོད་པས། ན་ནིང་དང་བསྡུར་ན་ལོ་སྟོད་ཁོ་ནར་སྒོར་6000ཙམ་གྲོན་ཆུང་ཐུབ་ཡོད། ང་ཚོས་དངུལ་དེ་དག་ལ་བརྟེན་ནས་མགྲོན་ཁང་གི་འཕྲོད་བསྟེན་ཡོ་བྱད་ཁག་གཅིག་ཡག་ཏུ་བཏང་ནས་འགྲུལ་པ་སྔར་བས་སྐྱིད་པོ་ཡོང་བར་བྱ་རྒྱུ་ཡིན”ཞེས་བཤད།

    དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་དང་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཀྱི་དགོས་མཁོར་དམ་འཛིན་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དོན་འཁྱོལ་དང་ཁྲལ་འབབ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ཐད་མུ་མཐུད་ཤུགས་བརྒྱབ་པ་དང་། ཁྲལ་འཇལ་མཁན་གྱི་ཁྲལ་འཇལ་འདུན་ཞུའི་དགོས་མཁོ་སྣ་མང་ནས་འགོ་བཙུགས་ཏེ་དྲ་ཐོག་ཁྲལ་གཉེར་བྱེད་ནུས་སྔར་བས་ལེགས་སུ་བཏང་བ་དང་དམངས་ཕན་ཁྲལ་གཉེར་བྱེད་ཚད་མྱུར་དུ་བཏང་ཡོད། ཉེར་སྤྱོད་གློག་རྡུལ་གྱི་ཁྲལ་དོན་ཅུས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ཁྲལ་འཇལ་བས་དྲ་ཐོག་ནས་འདུན་ཞུའི་ལས་སྒོ་གཉེར་ཚད་76.41%བར་མང་དུ་ཕྱིན་པ་དང་། ཁྲལ་འཇལ་བའི་ཁྲལ་གཉེར་དུས་ཡུན་སྔར་བས་ཐུང་དུ་ཆེས་ཆེར་བཏང་བས་ཁྲལ་འཇལ་བའི་ཁྲལ་གཉེར་གྱི་ཁུར་པོ་ཡང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།