[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དར་རྒྱས་ཆེ་བའི་དུས་བཟང་ལ་སླེབས་པ།

    —— ལྷ་ས་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ། རྨང་གཞི་བརྟན་གཏོང་། གཏིང་ཤུགས་འཕེལ་བ། ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་བཏོན་པའི་དཔལ་འབྱོར་འཁོར་རྒྱུག་གི“ལོ་ཕྱེད་ཀྱི་སྙན་ཞུ”ལས་ཚང་མའི་རེ་བ་ཆུད་ཟོས་སུ་ཕྱིན་མེད་པར་མི་སེམས་ལ་སྤྲོ་བ་འཕེལ་འོས་པ་ཞིག་ཡོད་ཅིང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་ཞིག་མངོན་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་246.12ཟིན་ནས་10.1%(བསྡུར་གཞི་ཡོད་པའི་རིན་གོང)འཕར་བ་དེ་ལྗོངས་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་བ་ཡོད་པ་དང་ལྗོངས་ཡོངས་སུ་བཟུང་བའི་བསྡུར་ཚད་39.96%ཟིན་ཡོད།

    ཐོན་ལས་འཕེལ་རྒྱས་སྔར་བས་དོ་སྙོམས་བྱུང་བ།

    ཞིང་འབྲོག་ལས་བརྟན་པོའི་ངང་འཁོར་རྒྱུག་བྱུང་བ། ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9.65ཟིན་ནས་2.82%འཕར་བ་དང་། ཞིང་འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་3.66ཟིན་ནས་2.6%འཕར་ཡོད།

    བཟོ་ལས་བརྟན་ཐོག་ལེགས་འཕེལ་བྱུང་བ། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ལ་བརྟན་ཐོག་ཡར་འཕེལ་དང་ཟླ་རེ་བཞིན་འཕར་བའི་རྣམ་པ་མངོན་ཡོད། ལོ་སྟོད་དུ་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་60.76ཟིན་ནས་16%འཕར་བ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར་26.22ཟིན་ནས་17.6%འཕར་ཡོད། བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་65.45ཟིན་ནས་24.8%འཕར་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་107.7%ཟིན་ནས་7.5%འཕར་ཡོད།

    ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་པོ་བྱུང་བ། “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ”དང“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”གྱི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། འདི་ལོ་ཚུན་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་མགྱོགས་མྱུར་འཕར་ཡོད། ལོ་སྟོད་དུ་གྲོང་ཁྱེར་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་540.55ཟིན་ནས་40.1%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་86.94ཟིན་ནས་71.9%འཕར་བ། ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་དེའི་གོང་འོག་ཐོན་ལས་འཁོར་འབྲེལ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད།

    གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་21.9ཟིན་ནས་19.3%འཕར་ཡོད། འབྲེལ་ཡོད་ལས་རིགས་ཁག་ལ་བལྟས་ན། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར་དང་སྦྲག་སྲིད་ལས་རིགས། ཆ་འཕྲིན་བརྒྱུད་གཏོང་། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་བཅས་ནི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་འཕར་བར་སྐུལ་ཁྲིད་ཐེབས་པའི་ལས་རིགས་གཙོ་བོ་ཡིན་པ་རེད།

    མ་འཇོག་དང་འཛད་སྤྱོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།

    གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྟན་པོའི་ངང་འཕར་བ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་13.6%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.1མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་དམངས་ཁྲོད་ཀྱི་མ་འཇོག་7.5%འཕར་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་24.9མཐོ་རུ་ཕྱིན་ཡོད།

    འཛད་སྤྱོད་ཅུང་མྱུར་པོའི་སྒོ་ནས་འཕར་བ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ལ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་139.35ཟིན་ནས་15.1%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད། འཛད་སྤྱོད་གྲུབ་ཆ་རིམ་སྤོར་བྱེད་དགོས་པའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་རིགས་དང་། དཔེ་དེབ་དང་ཚགས་པར་དུས་དེབ་རིགས། རྒྱུན་མཁོའི་དངོས་རྫས་རིགས་བཅས་21.7%དང་། 25.6% 15.4%བཅས་སོ་སོར་འཕར་ནས་ཅུང་མྱུར་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

    དཔལ་འབྱོར་འཕར་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ།

    གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ། ལོ་སྟོད་དུ་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4423ཟིན་ནས་11%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17242ཟིན་ནས་9.8%འཕར་ཡོད།

    ཟོག་གོང་བརྟན་པོའི་ངང་འཕར་བ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྔ་བར་ཕྱི་གསུམ་དུ་1%ཡས་མས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད་ལ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་རིམ་རྩིས་བྱས་ན་101.1%འཕར་ཡོད་པ་དང་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དུས་མཚུངས་ལས་1.1%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.1འཕར་བ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.7དམའ་རུ་ཕྱིན་ཡོད།

    ནོར་ཁྲལ་ཡོང་འབབ་བརྟན་ལ་ཅུང་མགྱོགས་པའི་ངང་འཕར་བ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་53.25ཟིན་ཏེ་20.5%འཕར་བ་ལས་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་50.04ཟིན་ཏེ་24.4%འཕར་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་3.9ཡིས་མཐོ་བ་ཡོད།

    དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་གཏོང་ཚད་བརྟན་པོའི་ངང་འཕར་བ། ཟླ་6པའི་ཟླ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་2972.9ཟིན་པ་དེ་ལོ་འགོ་ལས་9.16%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.26དང་5.66མཐོ་རུ་སོང་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་2923.8ཟིན་པ་དེ་ལོ་འགོ་ལས་8.63%འཕར་བ་དང་འཕར་ཚད་ཟླ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.13མཐོ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།