[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་དང་པོ་ནས་བརྒྱད་པའི་བར་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-10

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་1པོ་ནས་8པའི་བར། ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། མ་འཇོག་བརྟན་ལ་དལ་བ། དམངས་ཁྲོད་མ་འཇོག་མགྱོགས་མྱུར་འཕར་བ། འཛད་སྤྱོད་བརྟན་པོའི་ངང་འཕར་བ་བཅས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་རེད།

    བཟོ་ལས་མགྱོགས་ཙམ་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ། ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་37.85ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡུར་ཚད་ཀྱི་60.3%བཟུང་ནས་17.5%འཕར་ཡོད། འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.4འཕར་བ་དང་ལྗོངས་ཡོངས་ཀྱི་བརྒྱ་ཆའི་གྲངས་3.2ལས་མཐོ་བ་ཡོད་པ་རེད།

    མ་འཇོག་འཕར་ཚད་བརྟན་ལ་དལ་བ། ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་9.0%འཕར་བ་དེ་ལོ་སྟོད་ཀྱི་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.3ཆག་པ་དང་། འཕར་ཚད་སྤྱིའི་ཆ་ནས་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་འཕེལ་ཕྱོགས་དང་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཐོན་ལས་ཐད་ནས་བལྟས་ན། ཐོན་ལས་གསུམ་པའི་འདེགས་སྐྱོར་ནུས་པ་ཆེ་བ་དང་ཐོན་ལས་དང་པོ་9.2%ཆག་པ་དང་། ཐོན་ལས་གཉིས་པ་4.8%འཕར་བ། ཐོན་ལས་གསུམ་པ་11.4%འཕར་བ་བཅས་རེད།

    དམངས་ཁྲོད་མ་འཇོག་མགྱོགས་མྱུར་འཕར་བ། ཟླ་དང་པོ་ནས་བརྒྱད་པའི་བར་དམངས་ཁྲོད་མ་འཇོག་30.5%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་61.8འཕར་ཏེ་གྲོང་ཁྱེར་ཡོངས་ཀྱི་མ་འཇོག་བརྒྱ་ཆའི་གྲངས་3.2འཕར་རྒྱུར་སྣེ་ཁྲིད་ཐུབ་ཡོད།

    འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་195.33ཟིན་ནས་14.7%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.5འཕར་ཡོད།

    ནོར་སྲིད་ཀྱི་གཏོང་ཡོང་གཉིས་ཀ་འཕར་བ། ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་69.45ཟིན་ནས་21.4%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་14.6ཆག་ཡོད།

    དངུལ་རྩའི་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱུང་བ། ཟླ་བརྒྱད་པའི་ཟླ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་2944.61ཟིན་པ་དེ་ལོ་སྟོད་ལས་8.1%འཕར་བ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.6འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2932.65ཟིན་པ་དེ་ལོ་སྟོད་ལས་9.0%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་12.1ཆག་ཡོད།

    ཡུལ་སྐོར་ལས་རིགས་འཕར་བའི་འཕེལ་ཕྱོགས་ལེགས་པ། ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1564.63ལ་སྣེ་ལེན་ཞུས་ནས་29.8%འཕར་བ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.8འཕར་ཡོད། ཡུལ་སྐོར་གྱི་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་229.99ཟིན་ནས་33.4%འཕར་ཡོད།

    གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས་བརྟན་པོའི་ངང་འཕར་བ། ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས་རིམ་རྩིས་བྱས་ན་1.0%འཕར་ཡོད། ཚོང་ཟོག་ཆེ་གྲས་བརྒྱད་ཀྱི་ཐད“་དྲུག་འཕར་གཅིག་སྙོམས་གཅིག་ཆག”བྱུང་བ་དང་། བཟའ་བཅའ་དང་ཐ་མག་ཨ་རག་རིགས་ཀྱི་རིན་གོང་0.8%འཕར་བ་དང་། གྱོན་ཆས་རིགས་ཀྱི་རིན་གོང་3.0%འཕར་བ། སྡོད་ཁང་རིགས་ཀྱི་རིན་གོང་0.1%འཕར་བ། འཚོ་བའི་སྤྱོད་རྫས་དང་ཞབས་ཞུའི་རིགས་ཀྱི་རིན་གོང་0.4%འཕར་བ། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས་ཀྱི་རིན་གོང་1.8%འཕར་བ། སློབ་གསོ་རིག་གནས་དང་རོལ་རྩེད་རིགས་ཀྱི་རིན་གོང་0.1%ཆག་པ། སྨན་བཅོས་འཕྲོད་སྦྱོར་རིགས་ཀྱི་རིན་གོང་3.1%འཕར་བ། སྤྱོད་ཆས་དང་ཞབས་ཞུའི་རིགས་གཞན་ལོ་གོང་མ་དང་དོ་སྙོམས་བྱུང་ཡོད་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།