[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མང་ཚོགས་ཁྲི་ཚོ་སུམ་བརྒྱས་འབྱོར་འབྲིང་འཚོ་བ་སྐྱེལ་ཆེད་ལམ་བཟོ་ཟམ་སྐྲུན་བྱེད་དགོས།

    —— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྗོངས་སྲིད་ནོར་སྲིད་ཐིང་གི་ཐིང་ཀྲང་ལང་ཧྥུའུ་ཁོན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-24

    475561_yis_1516725061064.jpg

    འདི་ནི་ནོར་སྲིད་ཐིང་གི་ཐིང་ཀྲང་ལང་ཧྥུའུ་ཁོན་ཡིན་པ།

    2018ལོའི་ཟླ་1ཚེས་23ཉིན་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་གཟབ་རྒྱས་ངང་འཚོགས་ཤིང་། འགོ་འཛུགས་ས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཐད་གོམ་སྟབས་རྗེས་མར་ཇི་ལྟར་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་འཚམ་པའི་ལས་དོན་ཇི་ལྟར་སྤེལ་དགོས་སམ། གསར་འགོད་པས་དེའི་ཐད་ལ་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ལང་ཧྥུའུ་ཁོན་ལ་བཅར་འདྲི་ཞུས་པ་ཡིན།

    “འདི་ལོར་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་དང་། ས་ཁུལ་དབུལ་པོ། མཐའ་མཚམས་ས་ཁུལ། དམངས་འཚོའི་ཁྱབ་ཁོངས་བཅས་ལ་གཙོ་གནད་ཐོག་མ་དངུལ་གཏོང་བ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གི་སྒྱུར་བཅོས་གལ་ཆེན་དང་། སྲིད་ཇུས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཀྱི་འགྲོ་གྲོན་སྔོན་ལ་འགན་ལེན་བྱེད་པ། བྱ་ཐབས་མང་པོར་བརྟེན་ནས་ནོར་སྲིད་ཐོན་ཁུངས་ཀྱི་བཀོད་སྒྲིག་ལས་ཆོད་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་མང་ཚོགས་ཁྲི་ཚོ་སུམ་བརྒྱས་འབྱོར་འབྲིང་འཚོ་བ་སྐྱེལ་ཆེད་ལམ་བཟོ་ཟམ་སྐྲུན་བྱེད་རྒྱུ་ཡིན”ཞེས་ལང་ཧྥུའུ་ཁོན་གྱིས་བཤད་པ་དང་། དེའང་གཙོ་གནད་ཐོག་གཤམ་གསལ་གྱི་ཕྱོགས་འགའ་ཞིག་ལ་དབྱེ་བ་སྟེ།

    —— དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞིང་། དབུལ་སྐྱོར་གྱི་གཏོང་ཆའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་སྐྱོར་ལ་གཏོང་ཆ་ཇེ་མང་དུ་གཏོང་བ། མ་དངུལ་སྒོར་དུང་ཕྱུར་117བསྡུ་སྒྲིལ་བཅས་བྱས་ནས་ལོ་འདིའི་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་གི་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱ་རྒྱུ།

    —— སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་གྲོང་གསེབ་ལ་སྣང་ཆེན་བྱེད་པའི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁུལ་དབུལ་པོའི་ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས་སློབ་གསོའི་བྱ་གཞག་ལ་འགྲོ་གྲོན་སྒོར་དུང་ཕྱུར་171.75བཏང་སྟེ་20%འཕར་བ་བྱ་རྒྱུ། སྨན་བཅོས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དོ་སྙོམས་ཅན་ལ་འགྱུར་བའི་དམིགས་ཚད་གཞིར་བཟུང་། སྨན་བཅོས་འཕྲོད་བསྟེན་གྱི་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ལ་མ་དངུལ་སྒོར་དུང་ཕྱུར་37.71བཀོད་སྒྲིག་བྱས་ནས་21.67%འཕར་བ་བྱ་རྒྱུ། ཚན་རྩལ་དང་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ།

    —— མཐའ་མཚམས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞིང་། མ་དངུལ་སྒོར་དུང་ཕྱུར་80བསྡུ་སྒྲིལ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་སྟེ་མཐའ་དར་དམངས་ཕྱུག་གྱི་བྱ་སྤྱོད་དང་མཐའ་མཚམས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    —— སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐུན་ཤུགས་ཆེན་བྱེད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་66.02བཀོད་སྒྲིག་བྱས་ཏེ17.6%འཕར་བ་བྱ་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།