[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-03

     རང་རྒྱལ་གྱི་ཞིང་ཆེན་དབུལ་ཤོས་ནས་ལོ་གསར་སྐབས་གཏམ་བཟང་ཞིག་ཁྱབ་པ་སྟེ། འདས་མ་ཐག་པའི་2017ལོར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10367ཟིན་ཏེ་ཟིན་ཐོ་གསར་པ་བཏོད་ནས་དུས་མཚུངས་ལས་14%འཕར་བ་དེ་རང་སྐྱོང་ལྗོངས་དེའི་དུས་མཚུངས་ཀྱི་GDPདང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་མཐོ་བ་ཡོད། དེ་དང་དུས་མཚུངས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་14དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་25དབུལ་སྒྲོལ་ཞྭ་མོ་ཕུད་པའི་ཚད་གཞིར་སླེབས་ཡོད་པ་རེད།

    བསྡོམས་རྩིས་ལས་མངོན་པར་གཞིགས་ན་2017ལོར་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་དཔལ་འབྱོར་དམིགས་ཚད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་31གི་མདུན་གྲལ་དུ་སླེབས་ཡོད་པ་རེད། འདས་ཟིན་པའི་ལོ་གཅིག་གི་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་ལྟར་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་བྱས་པས་གཙོ་གནད་དམིགས་ཚད་ཁག་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡག་བརྩེགས་ཀྱི་གནས་བབ་མངོན་ཡོད། 2017ལོར་བོད་ཀྱི་སྤྱི་ཚོགས་ཡོངས་སུ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་2003བཏང་བ་དེ་དུས་མཚུངས་ལས་21%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30582ཟིན་པ་དེ་དུས་མཚུངས་ལས་10%འཕར་ཡོད་པ་རེད། ཟླ་དང་པོ་ནས་11པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་གློག་གཏོང་ཚད་རིམ་རྩིས་བྱས་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་53.94ཟིན་པ་དེ་དུས་མཚུངས་ལས་13.7%འཕར་ཡོད་པ་རེད།

    བོད་ལྗོངས་ནི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་སར་གནས་པ་དང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པས་དུས་ཡུན་རིང་པོའི་ནང་ཞིང་འབྲོག་པའི་ཡོང་འབབ་ཆུ་ཚད་དམའ་པོ་ཡིན་པ་དང་དམངས་འཚོའི་ཁྱབ་ཁོངས་སུ་ཞན་ཆ་མང་པོ་ཡོད། 2012ལོའི་ལོ་མཇུག་ཏུ་བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་སྒོར་5697ལས་མེད་པ་དང་ལོ་དེའི་རྒྱལ་ཡོངས་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བཅུ་ཆ་བདུན་ལས་ཟིན་མེད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བ་དང་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་བས་ཞིང་འབྲོག་པའི་ཡོང་འབབ་ཐོག་མཐའ་བར་གསུམ་དུ་གྲངས་གནས་གཉིས་ཀྱི་འཕར་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་ཁྲི་103ནས་མིག་སྔའི་ཁྲི་47.9བར་ཉུང་དུ་ཕྱིན་ཡོད་པ་རེད། 2016ལོ་ནས་ད་བར་བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་1500ལྷག་ཙམ་ལག་བསྟར་བྱས་ནས་མི་འབོར་ཁྲི་10ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྣེ་ཁྲིད་བྱས་པ་དང་མི་འབོར་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ་བྱས་པ། སྣོད་བཅུད་སྐྱིན་གསབ་ལས་གནས་ཁྲི་70བཀོད་སྒྲིག་བྱས་པས་ཞིང་འབྲོག་པ་ཁྲི་70ཚང་མར་ལོ་ལྟར་ཉུང་མཐར་ཡང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་3000བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།